མཚོ་སྔོན་ཞིང་ཆེན་གྱི་འཕྲལ་བསྟུན་ཐག་གཅོད་ནུས་པ་འཛུགས་སྐྲུན་དང་ཐོན་སྐྱེད་བདེ་འཇགས་དོན་རྐྱེན་ཆེན་པོར་དོགས་ཟོན་བྱེད་པའི་ཆེད་དོན་གྲོས་ཚོགས་ཟི་ལིང་དུ་བསྡུས།
2023.06.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་དྲུག་པའི་ཚེས་གཅིག་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གློ་བུར་བྱུང་བའི་དོན་རྐྱེན་འཕྲལ་བསྟུན་ཐག་གཅོད་ནུས་པ་འཛུགས་སྐྲུན་དང་ཐོན་སྐྱེད་བདེ་འཇགས་དོན་རྐྱེན་ཆེན་པོར་དོགས་ཟོན་བྱེད་པའི་ཆེད་དོན་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་དང་འཕྲལ་བསྟུན་དོ་དམ་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ལ། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་འཕྲལ་བསྟུན་ཐག་གཅོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ཝང་ལིན་ཧུའུ་གྲོས་ཚོགས་ལ་ཞུགས།

ཁྲིན་ཀང་གིས་ཉེ་བའི་ལོ་འགའི་རིང་གི་རང་ཞིང་གི་འཕྲལ་བསྟུན་ཐག་གཅོད་ནུས་པ་ཇེ་མཐོར་སོང་བར་ཁས་ལེན་བྱས། ཁོས་བསྟན་དོན། བདེ་འཇགས་ཐོན་སྐྱེད་བྱ་བའི་ཐད་ནས་ཐབས་ཆག་སླ་བཅོས་ཅུང་ཙམ་ཡང་བྱེད་མི་རུང་བ་དང་། སྟེས་དབང་གི་སེམས་པ་ཡོད་མི་རུང་ལ། ཕྱི་ཚུལ་རིང་ལུགས་བྱེད་མི་རུང་བ་དང་། མིར་ཕོག་ཐུག་གཏོང་བར་སྐྲག་པའི་བསམ་བློ་ཡོད་མི་རུང་བར། ངེས་པར་དུ་འགན་འཁྲི་ཕྲག་ཏུ་ལེན་པ་དང་། འགན་སྒྲུབ་ནན་མོ་བྱེད་པ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་ཤེས་པར་བྱེད་པ། གྲ་སྒྲིག་བཟང་བོ་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁ་འགོག་སྡོམ་དྲ་རྒྱ་བརྟན་པོ་འཛུགས་དགོས།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། བདེ་འཇགས་ཐོན་སྐྱེད་བྱ་བའི་སྣེ་མང་ཞིང་རྙོག་འཛིང་ཆེ་བས། གཙོ་གནད་དམ་འཛིན་བྱེད་པ་དང་། ཐོན་སྐྱེད་བདེ་འཇགས་དོན་རྐྱེན་ཆེན་པོར་དོགས་ཟོན་བྱེད་པ་གཙོར་བཟུང་ནས། ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ལས་སྔོན་སྔོན་འགོག་གཙིགས་སུ་འཛིན་པ་དང་། ཉེན་ཁ་ལེབ་བཤེར་བྱེད་ཤུགས་ཆེར་གཏོང་བ། གནད་དོན་གྱི་གསལ་ཁྲ་དང་རྩིས་ཐོ་འཛུགས་པ། འགུལ་རྣམ་བརྗེ་སྤོར་བྱེད་པ་དང་རིམ་པ་བཞིན་ཞིབ་དཔྱད་བྱས་ཏེ། བྱེད་ཐབས་ཡོད་རྒུས་གནོད་འཚེ་དོན་རྐྱེན་འབྱུང་ཚད་ཇེ་དམའ་རུ་གཏོང་དགོས། དེ་དང་མཉམ་དུ། ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོར་སློབ་སྦྱོང་དང་དཔེ་ལྟ་བྱེད་པ་དང་། དངོས་འཐབ་འཁྲབ་སྦྱོང་དང་རང་བཤེར་རང་ཞིབ་ཁྲོད་ཞན་ཆ་བཙལ་ནས། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་དངོས་འགོག་དང་རྩལ་འགོག ཆ་འཕྲིན་ཅན་གྱི་བཀོད་འདོམས་བཀོད་གཏོང་ཆུ་ཚད་མཐོར་འདེགས་གཏོང་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། གནད་དོན་ལ་བསམ་གཞིགས་གཏོང་བ་དང་ལག་བསྟར་དམ་འཛིན་བྱེད་པ། ཆོས་ཉིད་འཚོལ་བའི་རེ་བ་ལྟར། འཕྲལ་བསྟུན་ཐག་གཅོད་བྱ་བའི་ཆུ་ཚད་མཐོར་འདེགས་གཏོང་དགོས། ཐལ་དྲག་པའི་ནམ་ཟླས་བཟོ་སྲིད་པའི་རིགས་མི་འདྲ་བའི་གནོད་འཚེ་སྣ་ཚོགས་དང་གྲོང་གསེབ་ཅན་གྱི་གོམ་སྟབས་ཇེ་མགྱོགས་སུ་སོང་བ་བསྟུན་ནས་ཉིན་རེ་བཞིན་མངོན་གསལ་ཡིན་པའི་མེ་འགོག་མེ་གསོད་ཉེན་ཁར་ཧ་ཅང་མཐོང་ཆེན་བྱེད་པ། གནད་དོན་ཁྱེར་ནས་བསམ་གཞིགས་གཏོང་བ། ཁྱད་ཆོས་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ། ཆ་འཕྲིན་ཡར་ཞུ་དང་ཁྱབ་བསྒྲགས་ལ་ཤུགས་སྣོན་པ། ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་བརྒྱུད་དེ། རང་ཞིང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཞི་རྩ་ཇེ་བརྟན་དུ་གཏོང་དགོས། ད་ལྟ་སྤེལ་བཞིན་པའི་བརྗོད་དོན་སློབ་གསོ་དང་དཔེ་གཞིས་ལེགས་བཅོས་ལ་སྐུལ་བའི་ཆེད་དོན་སློབ་གསོ་བཅོས་སྐྱོང་དང་ཟུང་འབྲེལ་བྱེད་པ་དང་། སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པ། ས་སྲུང་འགན་ཡོད་དང་ས་སྲུང་འགན་ཁུར། ས་ཁུང་འགན་བསྟར་བྱེད་པ་རྒྱུན་འཁྱོངས་བྱེད་པ། འཕྲལ་བསྟུན་དཔུང་སྡེ་སྟོབས་ལྡན་འཛུགས་སྐྲུན་བྱས་ཏེ། ཏང་དང་མི་དམངས་ལ་འགན་ཁུར་བའི་རྣམ་འགྱུར་གྱིས་བདེ་འཇགས་ཐོན་སྐྱེད་དང་འཕྲལ་བསྟུན་ཐག་གཅོད་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས། རིམ་པ་སོ་སོའི་རྩ་འཛུགས་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་འཕྲལ་བསྟུན་དོ་དམ་འཐབ་ཕྱོགས་ཀྱི་ལས་བྱེད་པ་དང་ལས་བཟོ་བར་སེམས་ཁུར་དང་གཟིགས་སྐྱོང་བྱེད་པ་དང་། སྐུལ་སློང་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ལས་སྒྲུབ་བྱེད་འདོད་པ་དང་ལས་ཀ་སྒྲུབ་ཐུབ་པ། གྲུབ་འབྲས་ལེན་ཆེད་ཆ་རྐྱེན་བཟང་བོ་བསྐྲུན་པ་དང་སྣང་ཚུལ་བཟང་བོ་བསྐྲུན་དགོས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ཐལ་དྲག་པའི་ནམ་ཟླ་དང་བདེ་འཇགས་ཉེན་ཁ་རྒྱུན་མཐུད་བསྡུ་གསོག ཁྱབ་ཁོངས་གསར་བའི་ཉེན་ཁ་གསར་བར་ངོས་འཛིན་བྱེད་ཚད་མི་འདང་བའི་གནད་དོན་ཐག་གཅོད་པ་དང་། བདེ་འཇགས་ཐོན་སྐྱེད་ནམ་ཡང་ལམ་དུ་ཡོད་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། བདེ་འཇགས་ཐོན་སྐྱེད་ཀྱི་ཚད་མཐའ་བརྟན་སྲུང་བྱེད་དགོས། ཞིབ་བཤེར་ཟབ་མོ་མི་བྱེད་པའི་གནད་དོན་ཐག་གཅོད་པ་དང་། ཉེན་ཁ་འགོག་སྡོམ་བྱེད་པར་ཤུགས་སྣོན་པ། ཉེན་ཁ་ལེབ་བཤེར་གནད་ལ་འཁེལ་བ་བྱེད་པ། དོགས་ཟོན་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ལྟ་སྐུལ་དོ་དམ་ཇེ་དྲག་ཏུ་གཏོང་དགོས། བཅོས་སྐྱོང་བྱེད་ཚད་མི་འདང་བའི་གནད་དོན་ཐག་གཅོད་པ་དང་། ཁྲིམས་འཛིན་ཐད་ཀྱི་ཡངས་ལྷོད་འཇམ་རྫུན་བཀག་འགོག་བྱེད་པ། དག་ཐེར་ལེགས་བཅོས་དམ་འཛིན་དང་མཐོར་འདེགས་ལ་སྐུལ་འདེད་བཏང་སྟེ། བཅོས་སྐྱོང་ཐད་ནས་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་དགོས། རྐྱེན་སྲོལ་འཐུས་ཚང་མིན་པའི་གནད་དོན་ཐག་བཅད་དེ། འཕྲལ་བསྟུན་བཀོད་འདོམས་བཀོད་གཏོང་དང་འཕྲལ་བསྟུན་མཉམ་ལས། ཉེན་ཁའི་གནས་བབ་ཀྱི་གྲོས་མོལ། སྔོན་འགོག་འགོག་སྡོམ་སོགས་མ་ལག་འཐུས་ཚང་དུ་གཏོང་དགོས། ནུས་པ་ཞན་པའི་གནད་དོན་ཐག་གཅོད་པ་དང་། ཆ་འཕྲིན་ཅན་འཛུགས་སྐྲུན་དང་འཕྲལ་བསྟུན་དཔུང་སྡེ་འཛུགས་སྐྲུན། འཕྲལ་བསྟུན་དངོས་ཟོག་ཉར་གསོག འཕྲལ་བསྟུན་ཇུས་གཞི་འཁྲབ་སྦྱོང་ལ་ཤུགས་བསྣན་ནས། གློ་བུར་བྱུང་བའི་གནས་བབ་ལ་ཁ་གཏད་འཇལ་བ་དང་ཐག་གཅོད་པའི་ནུས་པ་མཐོར་འདེགས་གཏོང་དགོས། འགན་འཁྲི་མི་གསལ་བའི་གནད་དོན་ཐག་གཅོད་པ་དང་། ས་གནས་ཀྱི་ཁོངས་གཏོགས་ས་ཆའི་འགན་འཁྲི་སྔར་ལས་ཇེ་དྲག་ཏུ་གཏོང་བ། སྡེ་ཁག་གི་བདེ་འཇགས་ལྟ་སྐུལ་དོ་དམ་འགན་འཁྲི་ལག་བསྟར་བྱེད་པ། ཐོན་སྐྱེད་ཚོང་གཉེར་སྡེ་ཁག་གི་གཙོ་གཞི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། འགན་འཁྲི་རྩད་གཅོད་ནན་མོ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་ཁག་ཐེག་བྱེད་དགོས།

གྲོས་ཚོགས་བརྙན་རིས་ཀྱི་ལམ་ནས་བསྡུས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་པ་དང་། གྲོང་ཁྱེར་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས་ཡོད། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་དང་ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན། ཞིང་ཆེན་ཆུ་བེད་ཐིན། ཟི་ལིང་གྲོང་ཁྱེར། མཚོ་ཤར་གྲོང་ཁྱེར་སོགས་ཀྱི་སྡེ་ཁག་དང་། གྲོང་ཁྱེར་དང་ཁུལ་གྱིས་འབྲེལ་ཡོད་བྱ་བའི་གནས་ཚུལ་ཡར་ཞུ་བྱས།

གྲོས་ཚོགས་སྔོན་དུ། ཁྲིན་ཀང་དང་ཝུའུ་ཞའོ་ཅུན། ཝང་ལིན་ཧུའུ་བཅས་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་བདེ་འཇགས་ཐོན་སྐྱེད་ཁྲིམས་འཛིན་ཅུའུ་དང་གནོད་སྐྱོབ་དངོས་ཟོག་འགན་སྲུང་ཁྲུའུ། ཞོད་འགོག་ཐན་རྒོལ་ཁྲུའུ་རུ་སོང་ནས་རྟོག་ཞིབ་བྱས་པ་དང་། རང་ཞིང་གི་འཕྲལ་བསྟུན་བཀོད་འདོམས་བཀོད་གཏོང་དང་གནོད་འཚེ་ལྟ་ཞིབ་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་འཕྲལ་བསྟུན་དོ་དམ་འཐབ་ཕྱོགས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བར་འཚམས་འདྲི་བྱས།