སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་གྱི་སྔ་དྲོར་པེ་ཅིང་ཡུས་དབྱིན་སློབ་གྲྭར་ཕེབས་ཏེ། དགེ་སློབ་རྣམས་ལ་འཚམས་འདྲི་མཛད་པ་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ན་གཞོན་ལོ་ཆུང་དག་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས། སློབ་གྲོགས་ཚོས་ཕུགས་འདུན་བརྟན་པོས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ཆེད་དུ་སློབ་སྦྱོང་བྱེད་པ་དང་། ཁྱིམ་བདག་གི་རེ་བ་སྟོང་ཟད་དུ་མི་གཏོང་ལ། ཏང་དང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་གཏོང་མི་རུང་བའི་སྐུལ་མ་བཏང་། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ན་ཆུང་བྱིས་པར་ཐུགས་ཁུར་ཆེན་པོ་བྱས་པ་དང་། དགེ་རྒན་རྣམས་ལ་སེམས་དྲོ་བའི་སྐུལ་མ་བཏང་བ་དེས་མི་དམངས་ཀྱི་གཙོ་འཛིན་གྱིས་མེས་རྒྱལ་གྱི་མ་འོངས་པར་བཅངས་རེ་བ་འདུས་ཡོད་པ་དང་། དུས་རབས་གསར་བའི་ན་ཆུང་བྱིས་པའི་བྱ་བའི་ཐད་ཁ་ཕྱོགས་གསལ་བོ་བསྟན་ཡོད་ལ། རྒྱ་ཆེའི་ན་ཆུང་བྱིས་པ་དག་གིས་དུས་ཚོད་དམ་འཛིན་གྱིས་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་སྐུལ་མ་བཏང་།
དྲུག་གཅིག་བྱིས་པའི་དུས་ཆེན་འདིར། པེ་ཅིང་ཡུས་དབྱིན་སློབ་གྲྭའི་བྱིས་པ་ཚོ་སྤྱི་ཁྱབ་ཧྲུའུ་ཅི་དང་མཇལ་བའི་དགའ་སྤྲོའི་ཁྲོད་མྱོས་ནས་ཡོད། ཁོང་ཉིད་ཚང་མའི་ཉེ་འགྲམ་དུ་ཕེབས་ནས་ཐག་མཆོང་གི་བྱིས་པའི་མཚར་གཏམ་གླེང་བ་དང་། བྱིས་པ་ཚོར་ལུས་ཕུང་སྦྱོང་བརྡར་བྱས་ནས་ལུས་སྟོབས་དར་དུ་འཇུག་དགོས་པའི་སྐུལ་མ་བཏང་། གྲོགས་པོ་ཆུང་ཆུང་ཚོས་དྲུག་གཅིག་གི་ཆེས་ལེགས་པའི་ལེགས་སྐྱེས་འདི་ཉམས་སུ་མྱོང་ཡོད།
ཡུས་དབྱིན་སློབ་གྲྭའི་སློབ་མའི་ཞིང་ར་ནས། བྱིས་པ་ཚོས་ཞིང་ལས་ལོ་ཏོག་གི་སྐྱེས་ཚུལ་ལ་ལྟ་བཞིན་ཡོད། ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་གནས་འདིར་སྤྱི་ཁྱབ་ཧྲུའུ་ཅི་ཡིས་སློབ་གྲོགས་ཚོས་ཞིང་ལས་སློབ་སྦྱོང་ཁྲོད་ནས་ཞིང་ལས་ཀྱི་དཀའ་སྡུག་དང་ཞིང་བའི་སྐྱིད་སྡུག་ཉམས་སུ་མྱོང་བ་དང་། ཆུང་དུས་ནས་ངལ་རྩོལ་ལ་དགའ་བ་དང་འབྲུ་རིགས་ལ་གཅེས་སྤྲས་བྱེད་པ། རང་བྱུང་ཁམས་ལ་བརྩི་བཀུར་བྱེད་པའི་གོམས་གཤིས་བཟང་བོ་ཆགས་སུ་བཅུག་སྟེ། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་དགོས་ཞེས་གསུངས།
སློབ་གྲྭའི་ཐོས་བསམ་གླིང་ཉིས་ཐོག་གི་ཚན་རིག་སློབ་ཁང་ནང་དུ་ཞི་ཅིན་ཞིང་གིས་སློབ་གྲོགས་རྣམས་ཀྱིས་ཆུང་དུས་ནས་ཚན་རྩལ་གསར་གཏོད་དང་རྒྱལ་དར་ང་ཡོད་ཀྱི་ཕུགས་འདུན་ཆགས་པར་བྱེད་པ་དང་། མ་འོངས་པར་ཚན་རིག་པ་ཆེན་པོར་འགྱུར་བར་བརྩོན་ལེན་བྱས་ཏེ། རང་རྒྱལ་གྱི་ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་མངོན་འགྱུར་བྱེད་པར་བྱས་རྗེས་འཇོག་དགོས་པའི་སྐུལ་མ་བཏང་།
ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ན་གནད་འགག་དགེ་རྒན་ལ་ཐུག་ཡོད། ཐེངས་འདིའི་རྟོག་ཞིབ་ཁྲོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱ་ཆེའི་སློབ་གསོ་བྱ་བ་བྱེད་མཁན་ལ་རེ་བ་ནན་མོ་བཏོན་ཡོད་པ་དང་། ཁོང་གིས་སློབ་གསོའི་ལས་འགན་གཙོ་བོ་ནི་ཀུན་སྤྱོད་ལེགས་པའི་མི་སྐྱོང་རྒྱུ་དེ་ཡིན་ལ། སློབ་མའི་ཕུགས་བསམ་འདུ་ཤེས་དང་ཀུན་སྤྱོད་གཤིས་རྒྱུད། ཤེས་བྱའི་རིག་པ། ལུས་ཕུང་དང་སེམས་ཁམས་ཀྱི་བྱང་ཚད་སོགས་ཐད་ཀྱི་གསོ་སྐྱོང་གཅིག་ཀྱང་ཆད་མི་རུང་བ་ནན་གྱིས་བསྟན། ཧུར་ཐག་སྒོས་མི་རིགས་བསྐྱར་དར་གྱི་ལས་འགན་ལྗིད་མོ་ཁུར་དུ་ལོན་པ་དང་། འཛམ་གླིང་གི་ངོ་མཚར་གསར་བསྐྲུན་སྤོབས་པའི་རྒྱལ་ཁབ་ཀྱི་གདོང་མ་གསོ་སྐྱོང་བྱེད་དགོས་པར་བསྟན། རེ་བ་ནན་མོ་བཏོན་པས་ཚང་མས་རང་གི་ཕྲག་ཏུ་ལས་འགན་ལྗིད་མོ་ཡོད་པའི་ཚོར་སྣང་བྱུང་།
ན་གཞོན་དར་ན་རྒྱལ་ཁབ་དར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་ན་ཆུང་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་སེམས་ཁུར་བྱེད་ཅིང་། སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་སྤྱད་ནས། ཧུར་ཐག་སྒོས་བྱིས་པ་རྣམས་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྔར་ལས་ལྷག་པའི་ཁོར་ཡུག་བཟང་བོ་གསར་བསྐྲུན་བྱས་ཡོད།
ཁོས་དགེ་སློབ་རྣམས་ལ་བསྟན་དོན། དེ་རིང་གི་ན་ཆུང་བྱིས་པ་ནི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་གི་རྒྱུན་འཛིན་པ་དང་མ་འོངས་པའི་གཙོ་ཤུགས་དམག་དཔུང་ཡིན། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞི་ཆེན་མོའི་ནང་གི་རིགས་སོ་སོའི་ན་ཆུང་བྱིས་པ་ཚོས་སློབ་སྦྱོང་ལ་འབད་བརྩོན་ལྷོད་མེད་བྱེད་པ་དང་ཕྱོགས་ཡོངས་འཕེལ་རྒྱས་སུ་གཏོང་དགོས་པའི་སྐུལ་མ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།