ཟླ6པའི་ཚེས1ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་བཅུ་གཅིག་པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་དེ《ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡིན》ཞེས་པ་བཀོད།
རྩོམ་ཡིག་ནང་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡིན་ཞེས་གསལ་སྟོན་བྱས་ཡོད། འདི་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་ལ་མཚོན་ན་སྤྱིའི་རང་བཞིན་དང་རྩ་བ་དོ་དམ་བྱེད་པ་ཡིན་ལ། ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་གྱི་རྩ་བའི་ཁ་ཕྱོགས་དང་མདུན་ལམ། ལས་དབང་། མཐར་ཐུག་གི་རྒྱལ་ཕམ་བཅས་དང་ཐད་ཀར་འབྲེལ་བ་ཡོད།
རྩོམ་ཡིག་ནང་བསྟན་དོན། ཏང་གི་འགོ་ཁྲིད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་གྱི་རྩ་བའི་ངོ་བོ་གཏན་འཁེལ་བྱེད་ཀྱིན་ཡོད། ཏང་གི་ངོ་བོ་དང་དམིགས་འབེན། ཐོག་མའི་བསམ་འདུན། དད་མོས་དད་སེམས། སྲིད་ཇུས་ཀྱི་འདོད་ཚུལ་བཅས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡིན་པ་ལས་དེང་རབས་ཅན་གཞན་དག་གང་ཡང་མིན་པ་གཏན་འཁེལ་བྱས་ཡོད། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཤིང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དུ་བསྐྱོད་དེ། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་དེ་ཡང་དག་པའི་བགྲོད་ལམ་སྟེང་བདེ་བླག་ངང་བསྐྱོད་པར་ཁག་ཐེག་བྱས་ཡོད། ང་ཚོའི་ཏང་གིས་མར་ཁེ་སི་རིང་ལུགས་རྩ་བའི་མཛུབ་སྟོན་བསམ་བློར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན། ཁྱབ་ཁོངས་གསར་པ་བཅས་ཟམ་མི་ཆད་པར་བཏོད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་དུ་འགྱུར་བར་ཚན་རིག་དང་མཐུན་པའི་ཁྲིད་སྟོན་བྱས་ཡོད། ང་ཚོའི་ཏང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་བརྟན་ཐོག་མདུན་སྐྱོད་བྱ་ཆེད་སྲ་ཞིང་བརྟན་པའི་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཡོད། ང་ཚོའི་ཏང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་བཏང་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་དུ་འགྱུར་བར་བསམ་པའི་སྟོབས་ཤུགས་ཆེན་པོ་འདོན་སྤྲོད་བྱས་ཡོད། གཡོ་འགུལ་སྤུ་ཙམ་ཡང་མེད་པར་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ན། ད་གཟོད་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་གྱི་མདུན་ལྗོངས་འོད་སྟོང་འབར་བ་དང་དར་རྒྱས་ཡོང་ཐུབ། དེ་ལྟར་མ་བྱས་ན། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་དེ་འགྲོ་ཕྱོགས་དང་བྲལ་ཞིང་བླ་སྲོག་ཤོར་བ་མ་ཟད། ཐ་ན་རྩ་སློག་རང་བཞིན་གྱི་ནོར་འཁྲུལ་ཡང་འབྱུང་ངེས་རེད།
རྩོམ་ཡིག་ནང་བསྟན་དོན། ཏང་གི་འགོ་ཁྲིད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་གྱི་ལམ་བུའི་ཐོག་འབད་འཐབ་དམིགས་ཚད་གཏན་འཁེལ་བྱས་ཏེ་བརྟན་པོའི་ངང་མདུན་བསྐྱོད་བྱ་རྒྱུར་འགན་ལེན་བྱས་ཡོད། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱས་ནས་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་དོན་གཉེར་བྱ་རྒྱུའི་དམ་བཅའ་བཞག་སྟེ་རྒྱང་རིང་གི་ཕུགས་འདུན་དང་དུས་མཚམས་རང་བཞིན་གྱི་དམིགས་ཚད་གཅིག་གྱུར་རྒྱུན་འཁྱོངས་བྱས་ནས་མུ་མཐུད་དུ་འབད་འཐབ་དང་། དཀའ་སྤྱད་འབད་བརྩོན་བྱས་ཡོད། བཅོས་སྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་། ང་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འབད་འཐབ་ཀྱི་དམིགས་འབེན་ནི་གོམ་པ་རིམ་བགྲོད་དང་། ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱེད་པ་ཞིག་ཡིན་པར་མ་ཟད། ལག་ལེན་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་གིན་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་2035ལོའི་བར་གྱི་རང་རྒྱལ་འཕེལ་རྒྱས་གཏོང་བའི་དམིགས་འབེན་དང་བླང་བྱ་སྔར་ལས་གསལ་པོར་བཀོད་ཡོད་ཅིང་། ཚན་རིག་དང་མཐུན་པའི་སྒོ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་འཛུགས་སྐྲུན་ཐུབ་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་ཉམས་ཆེ་བའི་འཆར་འགོད་ཚན་རིག་དང་མཐུན་པར་བཀོད་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུ་ནི་ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པའི་འབད་འཐབ་ཀྱི་དམིགས་འབེན་ཡིན་ཞིང་། མི་རབས་ནས་མི་རབས་བར་གཅིག་རྗེས་གཉིས་མཐུད་དུ་སྐུལ་སྤེལ་བཏང་བར་མ་ཟད། འཛམ་གླིང་ཡོངས་ཀྱིས་བརྩི་མཐོང་བྱེད་པ་དང་ལོ་རྒྱུས་དེབ་ཐེར་དུ་འགོད་བཞིན་པའི་འོད་སྟོང་འབར་བའི་གྲུབ་འབྲས་རྒྱུན་ཆད་མེད་པར་བླངས་ཡོད།
རྩོམ་ཡིག་ནང་བསྟན་དོན། ཏང་གི་འགོ་ཁྲིད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་སྒུལ་ཤུགས་ཆེན་པོ་འཕེལ་བར་བྱས་ཡོད། བཅོས་སྒྱུར་སྒོ་འབྱེད་ནི་དེང་རབས་ཀྲུང་གོའི་ལས་དབང་ཐག་གཅོད་བྱེད་པའི་འགག་རྩའི་བྱེད་ཐབས་ཤིག་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་གྱི་རྒྱལ་ཕམ་ཐག་གཅོད་བྱེད་པའི་འགག་རྩའི་བྱེད་ཐབས་ཤིག་ཀྱང་ཡིན། བཅོས་སྒྱུར་སྒོ་འབྱེད་བྱས་རྗེས། ང་ཚོའི་ཏང་གིས་ཁྱབ་ཁོངས་ཁག་གི་སྒྲིག་སྲོལ་བཅོས་སྒྱུར་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། དེང་རབས་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་ཞིང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་སྒྲིག་སྲོལ་དང་ལམ་སྲོལ་གྲུབ་པ་དང་འཕེལ་རྒྱས་སུ་བཏང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ང་ཚོའི་ཏང་གིས་ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོར་བརྟེན་ནས་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ་བསམ་བློའི་འདུ་ཤེས་ཀྱི་འཆིང་རྒྱ་ལས་སྒྲོལ་བ་དང་། ཁེ་ཕན་ཇེ་བརྟན་དུ་གཏོང་བའི་བཀག་རྒྱ་ལས་སྒྲོལ་བ། ཕྱོགས་སོ་སོའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་ཞན་ཆ་མཐའ་གཅིག་ཏུ་སེལ་བ་བཅས་བྱས་ཏེ། བཅོས་སྒྱུར་དེ་ཆ་ཤས་འཚོལ་ཞིབ་དང་འཁྱག་གཏོར་དཔུང་གཏོར་ནས་མ་ལག་འདུས་གྲུབ་དང་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ་ཁྱབ་ཁོངས་མང་པོ་ཞིག་ཏུ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་མ་ལག་རང་བཞིན་གྱི་བསྐྱར་སྐྲུན་བྱས་ཡོད་ལ། སྤྱི་ཡོངས་རང་བཞིན་གྱི་བསྐྱར་བསྐྲུན་བྱས་ཡོད་པས། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་ལ་འཛད་མཐའ་མེད་པའི་སྒུལ་ཤུགས་ཀྱི་འབྱུང་ཁུངས་བསྩལ་ཡོད།
རྩོམ་ཡིག་ནང་བསྟན་དོན། ཏང་གི་འགོ་ཁྲིད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་འགྲིལ་བར་བྱེད་དགོས། ང་ཚོའི་ཏང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་ནི་མི་དམངས་དུང་ཕྱུར་མང་པོ་རང་ཉིད་ཀྱི་བྱ་གཞག་ཡིན་པ་དང་། མི་དམངས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་གྱི་གྲུབ་ཆ་གཙོ་བོ་ཡིན་པས། ངེས་པར་དུ་མི་དམངས་ལ་རྒྱབ་རྟེན་དམ་པོ་བཅོལ་དགོས་པ་དང་། མི་དམངས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་བྱས་ཏེ་མི་དམངས་ཡོངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ན་གཞི་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཐུབ་པའི་ངོས་འཛིན་གཏིང་ཟབ་བྱུང་ཡོད། ང་ཚོས་ཏང་གི་མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་བྱས་ནས་ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་ལ་མི་དམངས་མང་ཚོགས་ཀྱིས་སྙིང་དབུས་ནས་བརྩི་བཀུར་ཞུ་གང་ཐུབ་བྱས་ཡོད། ང་ཚོས་མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པ་དེ་འབད་འཐབ་ཀྱི་དམིགས་འབེན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་དེ་སྔར་ལས་མང་ཞིང་སྔར་ལས་དྲང་སྙོམས་ཀྱི་སྒོ་ནས་མི་དམངས་ཡོངས་ལ་ཕན་ཐོགས་པར་བྱེད་དགོས། ང་ཚོའི་ཏང་གིས་བརྒྱུད་རིམ་ཡོངས་ཀྱི་མི་དམངས་དམངས་གཙོ་འཕེལ་རྒྱས་བཏང་ནས་མི་དམངས་ཀྱིས་བཅའ་ཁྲིམས་ལྟར་ཐབས་ལམ་དང་རྣམ་པ་སྣ་ཚོགས་བརྒྱུད་ནས་རྒྱལ་ཁབ་ཀྱི་ལས་དོན་དོ་དམ་དང་། དཔལ་འབྱོར་དང་རིག་གནས་བྱ་གཞག་དོ་དམ། སྤྱི་ཚོགས་ཀྱི་ལས་དོན་དོ་དམ་བཅས་བྱེད་པར་འགན་ལེན་ཏན་ཏིག་བྱས་ཏེ་བདག་པོའི་སྙིང་སྟོབས་ལ་བརྟེན་ནས་ལྷག་བསམ་རྣམ་དག་གིས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ནང་ཞུགས་དགོས། ང་ཚོའི་ཏང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་གྱི་ཕུགས་འདུན་བཟང་པོར་བརྟེན་ནས་མི་ལ་སྐུལ་མ་གཏོང་བ་དང་། འབོད་སྐུལ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འགྲིལ་ཡོད།
ཤ་བོ་གསེར་མཚོས་བསྒྱུར།