ཞི་ཅིན་ཕིང་གིས་རིག་གནས་རྒྱུན་འཛིན་གོང་སྤེལ་བཞུགས་མོལ་ཚོགས་འདུའི་སྟེང་རིག་གནས་ཀྱི་འགན་འཁྲི་གསར་པ་ཕྲག་ཏུ་བླངས་ནས་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་རིག་ཧུར་ཐག་གིས་འཛུགས་སྐྱོང་བྱེད་དགོས་ཞེས་ནན་གྱིས་བསྟན།
2023.06.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 45

ཟླ6པའི་ཚེས2ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་རིག་གནས་རྒྱུན་འཛིན་གོང་སྤེལ་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཟླ་དྲུག་པའི་ཚེས་གཉིས་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་རིག་གནས་རྒྱུན་འཛིན་གོང་སྤེལ་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་མགོ་རྩོམ་ས་གསར་པའི་སྟེང་མུ་མཐུད་དུ་རིག་གནས་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རིག་གནས་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་རིག་འཛུགས་སྐྱོང་བྱེད་པ་བཅས་ནི། ང་ཚོའི་དུས་རབས་གསར་པའི་རིག་གནས་ཀྱི་འགན་འཁྲི་གསར་པ་ཡིན་པས། རིག་གནས་རང་རྟོན་ཇེ་བརྟན་དུ་གཏོང་་བ་དང་། འགན་འཁྲི་ཁུར་དུ་ལེན་པ། ཧུར་ཐག་གིས་འབད་བརྩོན་བྱེད་པ་བཅས་བྱས་ཏེ། ཐུན་མོང་གི་འབད་བརྩོན་ལ་བརྟེན་ནས་ང་ཚོའི་དུས་རབས་འདིར་གཏོགས་པའི་རིག་གནས་གསར་པ་བསྐྲུན་ཏེ། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་རིག་འཛུགས་སྐྱོང་བྱེད་དགོས་ཞེས་ནན་གྱིས་བསྟན།

བཞུགས་མོལ་ཚོགས་འདུ་དེ་ལེགས་པར་བསྡུ་ཆེད། ཞི་ཅིན་ཕིང་གིས་སྔ་གཞུག་ཏུ་ཀྲུང་གོ་རྒྱལ་ཁབ་པར་གཞི་ཁང་དང་ཀྲུང་གོ་ལོ་རྒྱུས་ཞིབ་འཇུག་གླིང་དུ་རྟོག་ཞིབ་མཛད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་མཉམ་དུ་རྟོག་ཞིབ་མཛད་པར་མ་ཟད་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད།

ཚེས་གཅིག་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ་པེ་ཅིང་གྲོང་ཁྱེར་ཁྲང་ཕིང་ཁུལ་ཡན་ཧྲན་རི་འདབས་སུ་ཡོད་པའི་ཀྲུང་གོ་རྒྱལ་ཁབ་པར་གཞི་ཁང་ཀྲུང་དབྱང་སྤྱིའི་པར་གཞི་ཁང་དུ་ཕེབས། ཀྲུང་གོ་རྒྱལ་ཁབ་པར་གཞི་ཁང་གིས་གཙོ་བོ་རྒྱལ་ཁབ་པར་གཞིའི་ཐོན་ཁུངས་ཀྱི་འཆར་འགོད་མཐུན་སྦྱོར་དང་། ཁྱབ་བཤེར་འཚོལ་སྡུད། ཉར་ཚགས་འགྲེམ་སྟོན། ཞིབ་འཇུག་བརྗེ་རེས་དང་དྲིལ་སྒྲོག་བཀོལ་སྤྱོད་ཀྱི་འགན་ཁུར་ཡོད་ལ། ཀྲུང་དབྱང་སྤྱིའི་པར་གཞི་ཁང་དང་། ཞི་ཨན་དང་ཧང་ཀྲིག ཀོང་ཀྲིག་བཅས་ཀྱི་ཡན་ལག་པར་གཞི་ཁང་བཙུགས་ཡོད། ཞི་ཅིན་ཕིང་ཐོག་མར་རིག་གནས་ཚོམས་ཁང་དུ་ཕེབས་ནས། པར་གཞི་ཁང་གི་འཆར་འགོད་འཛུགས་སྐྲུན་གྱི་འབྲེལ་ཡོད་གནས་ཚུལ་ཡར་ཞུ་བྱས་པར་གསན་ལ། རྒྱལ་ཁབ་དཔེ་ཁང་དང་ཀྲུང་ཧྭའི་གནའ་བོའི་ཤེས་རིག་པར་གཞི་འགྲེམ་སྟོན། ཀྲུང་གོ་དེང་རབས་པར་སྐྲུན་གྱི་སྤུས་ལེགས་དང་ཁྱད་ལྡན་པར་གཞི་འགྲེམ་སྟོན་བཅས་ལ་གཟིགས་སྐོར་མཛད། གསུང་རྩོམ་བ་གམ་དུ་ཞི་ཅིན་ཕིང་གིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་བསྒྱུར་བའི་སྤུས་ལེགས་པར་གཞི་འགྲེམ་སྟོན་ལ་ཞིབ་ཏུ་གཟིགས་པ་དང་། པར་གཞི་འཚོལ་སྡུད་ལེགས་སྒྲིག་གི་འབྲེལ་ཡོད་གནས་ཚུལ་དྲིས་པར་མ་ཟད། ལྔ་ཐོག་ཏུ་ཕེབས་ཏེ་པར་གཞི་ཁང་གི་བཀོད་པ་ཡོངས་ལ་གཟིགས། དེའི་རྗེས་སུ་ཞི་ཅིན་ཕིང་ལན་ཐའེ་དོང་མཛོད་དུ་ཕེབས་ནས། རྒྱ་བོད་སོག་མན་ཡིག་རིགས་མཉམ་འདུས་ཀྱི་བཀའ་བསྟན་པར་ཤིང་དང《མཛོད་བཞི་ཀུན་འདུས》ཀྱི་འགྲེམ་སྟོན་ལ་གཟིགས་ཏེ། པར་གཞི་ཁང་དུ་ཉར་བའི་སྤུས་ལེགས་པར་གཞིའི་ཉར་ཚགས་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་མཛད། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ངས་ཀྲུང་ཧྭའི་ཤེས་རིག་ལོ་མང་བོའི་རིང་རྒྱུན་འཛིན་བྱས་པའི་རྩ་ཆེ་བའི་ཉར་ཚགས་པར་གཞི་འདི་དག་ལ་ཧ་ཅང་སེམས་ཁུར་བྱེད་བཞིན་ཡོད། ཀྲུང་གོའི་རྒྱལ་ཁབ་པར་གཞི་ཁང་ནི་ངས་ཧ་ཅང་མཐོང་ཆེན་དང་དངོས་སུ་ཆོག་མཆན་བཀོད་པའི་ལས་གཞི་ཡིན་ལ། དེའི་ཐོག་མའི་དམིགས་ཡུལ་ནི་ང་ཚོའི་ལོ་རྒྱུས་དུས་རིམ་འདིར་གནའ་ནས་ད་བར་དུ་འཚོལ་སྡུད་བྱས་པའི་ཉར་ཚགས་ཀྱི་རྒྱུ་ཆ་འཚོལ་སྡུད་ཆ་ཚང་དང་དེར་སྲུང་སྐྱོབ་བཟང་བོ་བྱས་ཏེ། འཛམ་གླིང་སྟེང་དར་སྤེལ་གྱི་མཚམས་མ་ཆད་པའི་ཤེས་རིག་གཅིག་པུ་འདི་ཉིད་རྒྱུན་འཛིན་བྱེད་རྒྱུ་དེ་ཡིན། བསྐལ་བ་བཟང་བོར་ཤེས་རིག་སྤེལ་དགོས་ཏེ། ང་ཚོའི་དུས་རབས་འདིར་རྒྱལ་ཁབ་དར་རྒྱས་ཆེ་བ་དང་། སྤྱི་ཚོགས་བདེ་འཇགས་བརྟན་བརླིང་ཡིན་ལ། མི་རིགས་རིག་གནས་རྒྱུན་འཛིན་བྱེད་པའི་འདོད་བློ་དང་ནུས་པ་ཡོད་པས། དོན་ཆེན་འདི་བཟང་བོར་སྒྲུབ་དགོས། ངས་ཀྲུང་གོའི་རྒྱལ་ཁབ་པར་གཞི་ཁང་བཙུགས་པ་དང་དེའི་དོ་དམ་ཁས་བླངས་པ་ཡིན་ལ་དེར་ཡིད་ཚིམས་ཡོད། རྒྱལ་ཁབ་པར་གཞི་ཁང་གི་ལས་འགན་གཙོ་བོ་ནི་འཚོལ་སྡུད་ཉར་ཚགས་བྱེད་རྒྱུ་དེ་ཡིན་པས། འཚོལ་སྡུད་ཉར་ཚགས་ལས་སྒོ་གཙོ་བོར་བྱས་ཏེ། ལོ་རྒྱུས་ཉར་ཚགས་པར་གཞི་འཚོད་སྡུད་ལ་ཤུགས་བསྣན་ནས། རིམ་པ་དང་རིགས་བགར་ཏེ་སྲུང་སྐྱོབ་བཟང་བོ་བྱེད་དགོས། དེ་དང་མཉམ་དུ་འཚོལ་སྡུད་ཉར་ཚགས་སྐོར་གྱི་ཞིབ་འཇུག་ལ་ཤུགས་བསྣན་ནས། ཉར་ཚགས་པར་གཞི་འཚོལ་སྡུད་བྱ་བ་སྔར་ལས་བཟང་བོར་བསྒྲུབ་པར་སྟབས་བདེ་བཟོ་དགོས། ལས་སྒོ་གཙོ་བོ་བཟང་བོར་བསྒྲུབས་པའི་སྔོན་འགྲོའི་འོག་ཏུ། ཕྱོགས་སོ་སོར་རོགས་འདེགས་བྱས་ཏེ་ལོ་རྒྱུས་ཉར་ཚགས་པར་གཞིའི་ཞིབ་འཇུག་དང་སྔོག་འདོན་བྱ་བ་བཟང་བོར་སྒྲུབ་དགོས། མདོར་དེད་ན་ཀྲུང་གོའི་རྒྱལ་ཁབ་པར་གཞི་ཁང་བཙུགས་པ་ནི། ཤེས་རིག་གི་རྒྱལ་ཁབ་ཆེན་པོ་འཛུགས་སྐྲུན་གྱི་རྨང་གཞིའི་བཟོ་སྐྲུན་ཡིན་ལ། བྱས་རྗེས་དེང་འདིར་བཞག་ན་ཕན་འབྲས་སྐལ་བརྒྱར་ཐོན་པའི་ཚབ་མཚོན་རང་བཞིན་གྱི་རིག་གནས་བཟོ་སྐྲུན་རེད།

ཚེས་གཉིས་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ་ཀྲུང་གོ་ལོ་རྒྱུས་ཞིབ་འཇུག་གླིང་དུ་ཕེབས། ཀྲུང་གོ་ལོ་རྒྱུས་ཞིབ་འཇུག་གླིང་གི་འགན་འཁྲི་གཙོ་བོ་ནི་རྒྱལ་ཡོངས་ཀྱི་ལོ་རྒྱུས་ཞིབ་འཇུག་བྱ་བར་གཅིག་འདོམས་ཀྱིས་མཛུབ་སྟོན་བྱེད་རྒྱུ་དང་། ཐོན་ཁུངས་དང་སྟོབས་ཤུགས་གཅིག་བསྡུས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ལོ་རྒྱུས་ཞིབ་འཇུག་འཆར་གཞི་བཟོ་རྒྱུ། རྒྱལ་ཁབ་ལོ་རྒྱུས་རིག་པའི་རིག་གཞུང་གི་ལས་གཞི་ཆེན་པོ་རྩ་འཛུགས་ལག་བསྟར་བྱེད་རྒྱུ་བཅས་རེད། ཞི་ཅིན་ཕིང་ཞིབ་འཇུག་གླིང་གི་ཀྲུང་གོ་གནའ་རྫས་བརྟག་དཔྱད་རྟེན་མཛོད་ཁང་དུ་ཕེབས་ནས། སྔ་གཞུག་ཏུ་ཤེས་རིག་གི་འབྱུང་ཁུངས་དང་ཀྲའེ་ཙི་ཀྲུང་གོའི་ཆེད་དམིགས་འགྲེམ་སྟོན་ལ་གཟིགས་པ་དང་། རྡོ་ཆས་དུས་རབས་གསར་པ་དང་ཞ་ཧྲང་ཀྲོའུ་བཅས་རྒྱལ་རབས་སྐབས་ཀྱི་གནའ་རྫས་བརྟག་དཔྱད་ཀྱི་གྲུབ་འབྲས་ལ་རྒྱུས་ལོན་མཛད་པར་མ་ཟད། འབྲེལ་ཡོད་ཞིབ་འཇུག་བྱ་བའི་འཕེལ་རིམ་དྲིས། དེའི་རྗེས་སུ་ཞི་ཅིན་ཕིང་གིས་ཀྲུང་གོ་ལོ་རྒྱུས་ཞིབ་འཇུག་གླིང་གིས་ཉར་བའི་གནའ་དཔེ་དང་གནའ་རྩོམ། ཡིག་ཚགས་རྩ་ཆེན་ལ་གཟིགས་སྐོར་མཛད་པར་མ་ཟད། ཀྲུང་གོ་ལོ་རྒྱུས་ཞིབ་འཇུག་གླིང་གི་ཚན་རིག་ཞིབ་འཇུག་བྱ་བའི་གྲུབ་འབྲས་འགྲེམ་སྟོན་གྱི་མདུན་ནས་འབྲེལ་ཡོད་གནས་ཚུལ་གྱི་ཡར་ཞུ་ལ་གསན། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་ཧྭའི་ཤེས་རིག་གི་ལོ་རྒྱུས་རིང་བོར་རྒྱུས་ལོན་བྱེད་པ་དང་། ཀྲུང་ཧྭའི་ཤེས་རིག་གི་རྒྱ་ཆེ་ཞིང་གཏིང་ཟབ་པའི་ནང་དོན་རྟོགས་པར་བྱེད་ན། གནའ་རྫས་བརྟག་དཔྱད་རིག་པ་དང་འབྲལ་ཐབས་མེད་པས། ཀྲུང་ཧྭའི་ཤེས་རིག་གི་འབྱུང་ཁུངས་དང་སྔ་དུས་ཀྱི་གསར་རྙེད་ལ་ཕྱོགས་བསྡུས་ཞིབ་འཇུག་བྱེད་པ་དང་ཀྲུང་གོའི་གནའ་རྫས་བརྟག་དཔྱད་སོགས་ཀྱི་ལས་གཞི་ཆེན་པོ་དག་ལག་བསྟར་བཟང་བོ་བྱས་ཏེ། ཀྲུང་ཧྭའི་ཤེས་རིག་གི་འབྱུང་ཁུངས་ལ་ཞིབ་འཇུག་དང་གསལ་བཀྲོལ་བཟང་བོ་བྱེད་དགོས། ཀྲུང་གོའི་ལོ་རྒྱུས་ཞིབ་འཇུག་གླིང་བཙུགས་ཏེ་ལོ་བཞི་ལྷག་འགོར་བའི་རིང་ལ། རྒྱལ་ཁབ་རིམ་པའི་ཚན་རིག་ཞིབ་འཇུག་ལས་གཞི་དང་རིག་གཞུང་བཟོ་སྐྲུན་གལ་ཆེན་རབ་དང་རིམ་པ་རྩ་འཛུགས་བྱས་ཏེ། སྤུས་ཚད་མཐོ་བའི་གྲུབ་འབྲས་སྐོར་ཞིག་བླངས་ཡོད་པ་ནི་ཁས་ལེན་བྱེད་འོས་པ་ཞིག་རེད། ཁྱོད་ཚོས་གོམས་སྲོལ་བཟང་བོ་རྒྱུན་འཛིན་བྱས་ཏེ། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ལོ་རྒྱུས་ཞིབ་འཇུག་གི་ལས་དོན་པར་མཐུན་སྒྲིལ་དང་ཁོ་ཚོ་གཅིག་སྡུད་བྱེད་པ་དང་། ཞིབ་འཇུག་གི་ཆུ་ཚད་རྒྱུན་མ་ཆད་པར་ཇེ་མཐོར་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཐད་དུ་ཀྲུང་གོའི་ལོ་རྒྱུས་རིག་པའི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།

རྟོག་ཞིབ་མཛད་ཚར་རྗེས། ཞི་ཅིན་ཕིང་ཀྲུང་གོ་ལོ་རྒྱུས་ཞིབ་འཇུག་གླིང་དུ་རིག་གནས་རྒྱུན་འཛིན་གོང་སྤེལ་གྱི་བཞུགས་མོལ་ཚོགས་འདུར་ཞུགས། ཚོགས་འདུའི་སྟེང་པེ་ཅིང་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དབྱང་ཀུན་དང་། པེ་ཅིང་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ་ཝང་པོ། ཆིན་ཧྭ་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ་ཕིན་ཀང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་ཀྲུང་གོ་མཐའ་མཚམས་ཞིབ་འཇུག་ཁང་གི་མགོ་གཙོ་ཞིན་ཀོང་ཁྲིན། ཀྲུང་གོ་མཛེས་རྩལ་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཧྥན་ཏིས་ཨན། ནན་ཅིན་སློབ་གྲྭ་ཆེན་མོའི་མི་གཞུང་སྤྱི་ཚོགས་ཚན་རིག་གི་དགེ་རྒན་ཆེན་མོ་གྲགས་ཅན་མོ་ལིས་ཧྥིན་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད།

ཚང་མས་གཏམ་བཤད་པར་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་རིག་གནས་ཀྱི་ལོ་རྒྱུས་རིང་བ་དང་ཀྲུང་ཧྭའི་ཤེས་རིག་རྒྱ་ཆེ་ཞིང་གཏིང་ཟབ། ཀྲུང་ཧྭའི་ལོ་རྒྱུས་ལ་ཆ་ཚང་ཞིང་གཏིང་ཟབ་པའི་སྒོ་ནས་རྒྱུས་ལོན་བྱས་ན། ད་གཟོད་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔར་ལས་ནུས་ལྡན་སྒོས་གསར་གཏོད་རང་བཞིན་ལྡན་པར་གོང་འཕེལ་དུ་གཏོང་ཐུབ་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རིག་གནས་འཛུགས་སྐྱོང་ལ་སྔར་ལས་ནུས་ལྡན་སྒོས་སྐུལ་འདེད་གཏོང་ཐུབ་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་རིག་འཛུགས་སྐྱོང་བྱེད་ཐུབ།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་གྲུབ་ཆ་གལ་ཆེན་སྣ་མང་ཡོད་ལ། དེ་དག་གིས་མཉམ་དུ་ཀྲུང་ཧྭའི་ཤེས་རིག་གི་འབུར་དུ་ཐོན་པའི་ཁྱད་ཆོས་བསྐྲུན་ཡོད། ཀྲུང་ཧྭའི་ཤེས་རིག་ལ་འབུར་དུ་ཐོན་པའི་རྒྱུན་མཐུད་རང་བཞིན་ལྡན་པ་དེས་རྩ་བའི་ཆ་ནས་ཀྲུང་ཧྭ་མི་རིགས་ངེས་པར་དུ་རང་གི་བགྲོད་ལམ་དུ་བསྐྱོད་དགོས་པ་ཐག་བཅད་ཡོད། གལ་ཏེ་དུས་ཡུན་རིང་བོའི་ལོ་རྒྱུས་ཀྱི་རྒྱུན་མཐུད་རང་བཞིན་ཁྲོད་ནས་ཀྲུང་གོར་རྒྱུས་ལོན་བྱེད་མ་ཐུབ་ན། གནའ་བོའི་ཀྲུངགོར་རྒྱུས་ལོན་བྱེད་མི་ཐུབ་པ་དང་། དེང་རབས་ཀྱི་ཀྲུང་གོར་རྒྱུས་ལོན་བྱེད་མི་ཐུབ་ལ། མ་འོངས་པའི་ཀྲུང་གོར་དེ་ལས་ཀྱང་རྒྱུས་ལོན་བྱེད་མི་ཐུབ། ཀྲུང་གོའི་ཤེས་རིག་ལ་འབུར་དུ་ཐོན་པའི་གསར་གཏོད་རང་བཞིན་ལྡན་པ་དེས་རྩ་བའི་ཆ་ནས་ཀྲུང་ཧྭ་མི་རིགས་ཀྱིས་དྲང་བདེན་སྲུང་བ་ལས་སྲོལ་རྙིང་མི་སྲུང་ལ། གནའ་སྲོལ་ལ་བཀུར་བ་ལས་གནའ་ལུགས་སླར་གསོ་མི་བྱེད་པའི་ཡར་བརྩོན་གྱི་སྙིང་སྟོབས་ཐག་བཅད་ཡོད་ལ། ཀྲུང་ཧྭ་མི་རིགས་འགྲན་སློང་གསར་པར་མི་སྐྲག་པ་དང་བྱ་དངོས་གསར་པ་དང་ལེན་བྱེད་ཕོད་པའི་ཞུམ་མེད་ཀྱི་རང་གཤིས་ཐག་བཅད་ཡོད། ཀྲུང་ཧྭའི་ཤེས་རིག་ལ་འབུར་དུ་ཐོན་པའི་གཅིག་གྱུར་རང་བཞིན་ལྡན་པ་དེས་རྩ་བའི་ཆ་ནས་ཀྲུང་ཧྭ་མི་རིགས་སོ་སོའི་རིག་གནས་མཉམ་དུ་འདྲེས་ཡོད་ལ། བར་ཆད་ཆེན་མོར་འཕྲད་ཀྱང་གོང་བུ་གཅིག་ཏུ་འདྲིལ་བ་ཐག་བཅད་ཡོད་ལ། རྒྱལ་ཁོངས་སིལ་བུར་གཏོང་མི་ཆོག་པ་དང་རྒྱལ་ཁབ་ཟིང་ཟིང་དུ་འགྱུར་མི་ཆོག་པ། མི་རིགས་ཁ་ཐོར་དུ་འགྲོ་མི་ཆོག་པ། ཤེས་རིག་གི་རྒྱུན་ཆད་མི་ཆོག་པ་བཅས་ཀྱི་ཐུན་མོང་གི་ཡིད་རྟོན་ཐག་བཅད་ཡོད་པར་མ་ཟད། རྒྱལ་ཁབ་གཅིག་གྱུར་ནི་དུས་གཏན་དུ་ཀྲུང་གོའི་སྲོག་ཤིང་གི་ཁེ་ཕན་གྱི་སྲོག་ཤིང་ཡིན་པ་ཐག་བཅད་ཡོད་ལ། སྟོབས་ལྡན་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་ནི་རིགས་སོ་སོའི་མི་དམངས་ཀྱི་སྲོག་རྩ་དང་འབྲེལ་བ་ཐག་བཅད་ཡོད། ཀྲུང་ཧྭའི་ཤེས་རིག་ལ་འབུར་དུ་ཐོན་པའི་དཀྱེལ་ཡངས་རང་བཞིན་ལྡན་པ་དེས་རྩ་བའི་ཆ་ནས་ཀྲུང་ཧྭ་མི་རིགས་ཀྱི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་ཐག་བཅད་ཡོད་པ་དང་། ཀྲུང་གོའི་ཆོས་ལུགས་དད་མོས་སྣ་མང་མཉམ་འདུས་ཀྱི་འཆམ་མཐུན་གྱི་སྣང་ཚུལ་ཐག་བཅད་ཡོད་ལ། ཀྲུང་ཧྭའི་ཤེས་རིག་གིས་འཛམ་གླིང་ཤེས་རིག་བསྡུ་ལེན་བྱེད་པའི་དཀྱེལ་ཡངས་ཀྱི་བློ་རྒྱ་ཐག་བཅད་ཡོད། ཀྲུང་ཧྭའི་ཤེས་རིག་ལ་འབུར་དུ་ཐོན་པའི་ཞི་བདེའི་རང་བཞིན་ལྡན་པ་དེས་རྩ་བའི་ཆ་ནས་ཀྲུང་གོ་ནི་དུས་གཏན་དུ་འཛམ་གླིང་གི་ཞི་བདེ་འཛུགས་སྐྱོང་བྱེད་མཁན་དང་འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་ལ་བྱས་རྗེས་འཇོག་མཁན། རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་མཁན་བཅས་ཡིན་པ་ཐག་བཅད་ཡོད་པ་དང་། ཀྲུང་གོས་ཤེས་རིག་བརྗེ་རེས་སློབ་སྦྱོང་རྒྱུན་མ་ཆད་པར་བྱེད་པ་ལས་རིག་གནས་བཙན་དབང་མི་བཀོལ་བ་ཐག་བཅད་ཡོད་ལ། ཀྲུང་གོས་རང་གི་རིན་ཐང་ལྟ་བ་དང་ཆབ་སྲིད་སྒྲིག་ལུགས་བཙན་གྱིས་གཞན་མགོར་མི་འཇོག་པ་ཐག་བཅད་ཡོད་པ་དང་། ཀྲུང་གོས་མཉམ་ལས་རྒྱུན་འཁྱོངས་བྱེད་པ་དང་། གཞན་གྱི་ཁ་གཏད་དུ་མི་ལངས་པ། གཞན་ལ་ཕྱོགས་རིས་ཀྱི་ལྟ་ཚུལ་མི་འཛིན་པ་ཐག་བཅད་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་ལྔ་སྟོང་ལྷག་གི་ཀྲུང་ཧྭའི་ཤེས་རིག་གི་ཟབ་ཅིང་མཐུག་པའི་རྨང་གཞིའི་སྟེང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གསར་དུ་བཏོད་པ་དང་གོང་དུ་སྤེལ་ནས། མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་དང་ཟུང་སྦྲེལ་བྱེད་རྒྱུ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་སྦྲེལ་བྱེད་རྒྱུ་ནི་ངེས་པར་དུ་བརྒྱུད་དགོས་པའི་བགྲོད་ལམ་ཡིན། འདི་ནི་ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་འཚོལ་ཞིབ་བྱེད་པའི་ཁྲོད་དུ་བྱུང་བའི་ཆོས་ཉིད་རང་བཞིན་གྱི་ངེས་ཤེས་ཡིན་ལ། ང་ཚོས་དོན་ཀུན་ལེགས་པར་སྒྲུབ་པའི་ཐབས་མཆོག་ཡིན། གཅིག ཟུང་སྦྲེལ་གྱི་སྔོན་འགྲོ་ནི་ཕན་ཚུན་གཅིག་མཐུན་འབྱུང་བར་བྱེད་རྒྱུ་དེ་ཡིན། མར་ཁེ་སི་རིང་ལུགས་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་འབྱུང་ཁུངས་མི་འདྲ་ན་ཡང་། ཕན་ཚུན་བར་དུ་གཅིག་མཐུན་རང་བཞིན་དྲག་པོ་ལྡན། ཕན་ཚུན་གཅིག་མཐུན་ཡོང་ན་ད་གཟོད་ནུས་ལྡན་སྒོས་ཟུང་སྦྲེལ་བྱེད་ཐུབ། གཉིས། ཟུང་སྦྲེལ་གྱི་མཇུག་འབྲས་ནི་ཕན་ཚུན་རམ་འདེགས་བྱས་ཏེ། ནུས་ལྡན་གཅིག་གྱུར་གྱི་རིག་གནས་གསར་པ་ཞིག་བསྐྱེད་ནས། མར་ཁེ་སི་རིང་ལུགས་ཀྲུང་གོའི་མར་ཁེ་སི་རིང་ལུགས་སུ་འགྱུར་བར་བྱས་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དེ་དེང་རབས་ཀྱི་རིག་གནས་སུ་འགྱུར་བར་བྱས་ཏེ། ཟུང་སྦྲེལ་ལ་བརྟེན་ནས་བྱུང་བའི་རིག་གནས་གསར་པ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིག་གནས་རྣམ་པར་འགྱུར་བར་བྱས་པ་དེ་ཡིན། གསུམ། ཟུང་སྦྲེལ་གྱིས་བགྲོད་ལམ་གྱི་རྨང་གཞི་སྲ་བརྟན་དུ་བཏང་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་ལ་སྔར་ལས་རྒྱ་ཆེ་ཞིང་དང་གཏིང་ཟབ་པའི་ལོ་རྒྱུས་ཀྱི་གཏིང་ཚད་ཡོད་པར་བྱས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་གྱི་རིག་གནས་རྨང་གཞི་རྒྱ་ཆེ་རུ་བསྐྱེད་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་གོའི་ཤེས་རིག་ལ་དེང་རབས་ཀྱི་སྟོབས་ཤུགས་བསྩལ་བ་དང་། ཀྲུང་ཧྭའི་ཤེས་རིག་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྟིང་གཞི་བརྟན་པོ་བསྩལ་ཡོད། བཞི། ཟུང་སྦྲེལ་གྱིས་གསརགཏོད་ཀྱི་བར་སྟོང་ཕྱེས་ཏེ། ང་ཚོར་བསམ་བློ་དང་རིག་གནས་ཀྱི་རང་འགུལ་ཐོབ་པར་བྱས་པར་མ་ཟད། བགྲོད་ལམ་དང་གཞུང་ལུགས། ལམ་ལུགས་བཅས་ལ་ནུས་པ་སྔར་ལས་ཆེན་པོ་ཐོན་ཡོད། དེ་ལས་ཀྱང་གལ་ཆེ་བ་ནི་ཟུང་སྦྲེལ་གཉིས་པ་ནི་ཡང་བསྐྱར་བསམ་བློ་བཅིངས་འགྲོལ་བྱེད་ཐེངས་ཤིག་ཡིན་ལ། དེས་ང་ཚོར་སྔར་ལས་རྒྱ་ཆེ་བའི་རིག་གནས་བར་སྟོང་ཁྲོད་དུ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཐོན་ཁུངས་རྩ་ཆེན་ལེགས་པར་སྤྱད་དེ། མ་འོངས་པར་ཁ་ཕྱོགས་པའི་གཞུང་ལུགས་དང་ལམ་ལུགས་གསར་གཏོད་བྱེད་པར་འཚོལ་ཞིབ་བྱེད་དུ་བཅུག་ཡོད། ལྔ། ཟུང་སྦྲེལ་གྱིས་རིག་གནས་ཀྱི་གཙོ་གཞིའི་རང་བཞིན་སྲ་བརྟན་དུ་བཏང་ཡོད་ལ དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནི་རིག་གནས་གཙོ་གཞི་རང་བཞིན་འདིའི་ཆེས་ནུས་ཡོད་ཀྱི་མཚོན་རྟགས་ཡིན། ཟུང་སྦྲེལ་གཉིས་པ་ནི་ང་ཚོའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་བསྒྱུར་བའི་ལོ་རྒྱུས་ཉམས་མྱོང་སྤྱི་སྡོམ་ཟབ་མོ་བྱས་པ་ཡིན་ལ། ཀྲུང་ཧྭའི་ཤེས་རིག་གོང་འཕེལ་གྱི་ཆོས་ཉིད་ལ་སྟངས་འཛིན་ཟབ་མོ་བྱས་པ་ཡིན་ཞིང་། དེས་ང་ཚོའི་ཏང་གིས་ཀྲུང་གོའི་བགྲོད་ལམ་དང་གཞུང་ལུགས། ལམ་ལུགས་བཅས་ཐད་ཀྱི་གོ་རྟོགས་མཐོ་ཚད་གསར་པར་སླེབས་པ་མཚོན་ཞིང་། ང་ཚོའི་ཏང་གི་ལོ་རྒྱུས་རང་རྟོན་དང་རིག་གནས་རང་རྟོན་མཐོ་ཚད་གསར་པར་སླེབས་པ་མཚོན་ལ། ང་ཚོའི་ཏང་གིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པའི་ཁྲོད་དུ་རིག་གནས་གསར་གཏོད་བྱེད་པའི་རང་རྟོགས་རང་བཞིན་མཐོ་ཚད་གསར་པར་སླེབས་པ་མཚོན།

ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་ཏང་དང་མི་དམངས་ཀྱི་མགོ་ཁྲིད་དེ་རྒྱལ་སྲིད་སྐྱོང་བའི་ལག་ལེན་ཁྲོད་དུ། རིག་གནས་འཛུགས་སྐྱོང་དེ་ཁྱོན་ཡོངས་ཀྱི་བྱ་བའི་གོ་གནས་གལ་ཆེན་དུ་བཞག་པ་དང་། རིག་གནས་འཛུགས་སྐྱོང་གི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་རྒྱུན་མ་ཆད་པར་ཇེ་ཟབ་ཏུ་བཏང་ནས། བསམ་བློ་གསར་པ་དང་འདུ་ཤེས་གསར་པ། རིགས་ལམ་གསར་པ་རབ་དང་རིམ་པ་བཏོན་ཡོད། ལྟ་བ་གལ་ཆེན་དེ་དག་ནི་དུས་རབས་གསར་པར་ཏང་གིས་རིག་གནས་འཛུགས་སྐྱོང་ལ་མགོ་ཁྲིད་པའི་ལག་ལེན་གྱི་ཉམས་མྱོང་དང་གཞུང་ལུགས་སྤྱི་སྡོམ་བྱས་པ་ཡིན་ལ། དྲིལ་སྒྲོག་བསམ་བློ་རིག་གནས་བྱ་བ་བཟང་བོར་བསྒྲུབ་པའི་རྩ་བའི་བསྲུང་བྱ་ཡིན་པས། ངེས་པར་དུ་དུས་ཡུན་རིང་བོར་ལག་བསྟར་བྱེད་དགོས་པ་དང་རྒྱུན་མ་ཆད་པར་ཕུན་སུམ་ཇེ་ཚོགས་དང་གོང་འཕེལ་དུ་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་པའི་སྟེང་མུ་མཐུད་དུ་རིག་གནས་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་རིག་འཛུགས་སྐྱོང་བྱེད་པ་བཅས་བྱེད་ན། རིག་གནས་རང་རྟོན་ཇེ་བརྟན་དུ་གཏོང་བ་དང་། རང་གི་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་ལོ་རྒྱུས་ཀྱི་ལག་ལེན་དང་དེང་རབས་ལག་ལེན་ལ་རྐང་འཛུགས་པ། ཀྲུང་གོའི་གནས་ལུགས་བཀོལ་ནས་ཀྲུང་གོའི་ཉམས་མྱོང་སྤྱི་སྡོམ་བཟང་བོ་བྱེད་པ། ཀྲུང་གོའི་ཉམས་མྱོང་གིས་ཀྲུང་གོའི་གཞུང་ལུགས་མཐོར་འདེགས་སུ་གཏོང་བ་བཅས་བྱས་ཏེ། བསམ་བློའི་སྟེང་གི་རང་ཚུགས་རང་བདག་མངོན་འགྱུར་བྱེད་དགོས། དཀྱེལ་ཡངས་བཟོད་སྒོམ་རྒྱུན་འཁྱོངས་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་བསྒྱུར་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པ། ཕྱི་ཡོང་རིག་གནས་རང་ས་ཅན་དུ་གཏོང་བར་ཡར་སྐུལ་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རིག་གནས་རྒྱུན་མ་ཆད་པར་སྐྱེད་སྲིང་དང་གསར་གཏོད་བྱེད་དགོས། དག་སྲུང་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ། དག་སྲུང་གསར་གཏོད་ཀྱི་བདེན་ལུགས་དང་ངར་ཤུགས་ལ་བརྟེན་ནས། ལོ་རྒྱུས་ཀྱི་འཕར་རྩ་རྒྱུན་འཛིན་བྱེད་དགོས་པ་དང་དེང་རབས་ཀྱི་མཛད་རྗེས་གསར་དུ་འཇོག་དགོས།

ཚའེ་ཆི་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་དུ་སྤེལ་བའི་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས། ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་གོང་སྤེལ་གྱི་གཞུང་ལུགས་དང་དངོས་ཡོད་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ཆ་ཚང་ཞིང་མ་ལག་ལྡན་པའི་རྒྱས་བཤད་ཟབ་མོ་མཛད་ཡོད་ལ། ཆབ་སྲིད་རང་བཞིན་དང་བསམ་བློ་རང་བཞིན། འཐབ་ཇུས་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ཧ་ཅང་དྲག་པོ་ལྡན་པས། ད་ལྟ་སྤེལ་བཞིན་པའི་བརྗོད་དོན་སློབ་གསོ་དང་ཟུང་སྦྲེལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱེད་པར་རྩ་འཛུགས་ནན་མོ་བྱས་ནས། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་སྔར་ལས་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་པ་བཅས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་སྟོན་དུ་བཟུང་ནས། རིག་གནས་འཛུགས་སྐྱོང་གི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་རྒྱུན་མ་ཆད་པར་ཇེ་ཟབ་ཏུ་བཏང་སྟེ། རིག་གནས་ཀྱི་འགན་འཁྲི་གསར་པ་ཕྲག་ཏུ་སྔར་ལས་བཟང་བོར་ལེན་དགོས། ཞིབ་འཇུག་རྒྱས་འགྲེལ་ལ་ཤུགས་སྣོན་པ་དང་། སྦྱངས་པ་སྤྱོད་གོ་ཆོད་པར་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དྲིལ་སྒྲོག་བསམ་བློ་རིག་གནས་བྱ་བའི་སྐོར་གྱི་འཐབ་ཇུས་ཀྱི་བཀོད་སྒྲིག་སྣ་ཚོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས། རིག་གནས་ཀྱི་རང་རྟོན་རང་བརྩོན་ཇེ་བརྟན་དུ་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཅན་གྱི་ཤེས་རིག་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་ཏན་ཏིག་གིས་འཛུགས་སྐྲུན་བྱེད་དགོས།

ལིས་ཧྲུའུ་ལེ་དང་ཐའེ་ཉིང་། ཀྲན་དབྱི་ཆིན། ཆིན་ཀང་། ཅང་ཞིན་ཀྲི་སོགས་གོང་གི་འབྲེལ་ཡོད་བྱ་འགུལ་ལ་ཞུགས།

ཀྲུང་དབྱང་དྲིལ་སྒྲོག་བསམ་བློ་རིག་གནས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན། ཀྲུང་དབྱང་དྲིལ་སྒྲོག་རིག་གནས་ཁོངས་གཏོགས་ཀྱི་ལས་ཁུངས་སོ་སོའི་འགན་ཁུར་བློ་མཐུན། འབྲེལ་ཡོད་ཆེད་མཁས་པ་དང་རིག་གནས་པ་སོགས་བཞུགས་མོལ་ཚོགས་འདུར་ཞུགས།