ལིས་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
2023.06.03 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 7

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ་དྲུག་པའི་ཚེས་གཉིས་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པའི་བྱ་བའི་གྲུབ་འབྲས་དང་གོ་རིམ་རྗེས་མའི་བྱེད་ཐབས་གལ་ཆེན་སྙན་ཞུ་བྱས་པར་ཉན་པ་དང་། ནུས་ཁུངས་གསར་པའི་རླངས་འཁོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱེད་ཐབས་ལ་ཞིབ་འཇུག་བྱས་པར་མ་ཟད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་སྔོན་སློབ་གསོའི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་བསྡུར་བྱས་ཏེ་རྩ་བའི་ཐོག་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ནས་བསྟན་དོན། ད་ལོར་རང་རྒྱལ་གྱི་དཔལ་འབྱོར་འཁོར་རྒྱུག་གིས་རྣམ་པ་བཟང་བོ་མངོན་འགྱུར་བྱུང་ཡོད་ཀྱང་། དཔལ་འབྱོར་སླར་གསོའི་རྨང་གཞི་སྔར་བཞིན་བརྟན་འཇགས་མིན་པས། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་གསར་སྐྲུན་བྱེད་པ་དེ་གོ་གནས་གལ་ཆེན་དུ་བཞག་སྟེ། སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་ཀྱི་སྔོན་དཔག་བརྟན་འཇགས་ཡོང་བ་དང་། འཕེལ་རྒྱས་ཡིད་ཆེས་དར་སྤེལ་བྱེད་པ། ཚོང་རའི་གསོན་ཤུགས་འདོན་སྤེལ་བྱས་ནས། དཔལ་འབྱོར་འཁོར་རྒྱུག་རྒྱུན་མཐུད་ངང་འཕར་བར་སྐུལ་འདེད་གཏོང་དགོས། གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་ཁེ་ལས་ཀྱིས་ཡར་ཞུ་བྱས་པའི་འབུར་ཐོན་གནད་དོན་གཅིག་བསྡུས་བྱས་ཤིང་། ཁེ་ལས་ཀྱི་དོན་དངོས་དགོས་མཁོ་ནས་མགོ་བརྩམས་ཏེ། ཚོང་རར་ཞུགས་པའི་ཆོག་མཆན་ཇེ་ལྷོད་དུ་གཏོང་བ་དང་འདྲ་མཉམ་འགྲན་རྩོད་ལ་སྐུལ་འདེད་གཏོང་བ། ཤེས་བྱའི་ཐོན་དབང་སྲུང་སྐྱོབ། གཅིག་གྱུར་གྱི་ཚོང་ར་ཆེན་མོ་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ཐད་ནས། སྐོར་ཁག་བགོས་ནས་དམིགས་སའི་རང་བཞིན་དྲག་པ་དང་ནུས་ལྡན་གྱི་སྲིད་ཇུས་བྱེད་ཐབས་བཏོན་ནས། ཚོང་གཉེར་ཁོར་ཡུག་གལ་ཆེན་གྱི་བཅོས་བསྒྱུར་བྱ་བ་གཏིང་ཟབ་ཏུ་སྤེལ་ཏེ་ཟོལ་མེད་ཀྱིས་སྲིད་ཇུས་ཀྱི་ཕན་ནུས་རང་བཞིན་ཇེ་དྲག་ཏུ་གཏོང་དགོས།

གྲོས་ཚོགས་ནས་བསྟན་དོན། ནུས་ཁུངས་གསར་བའི་རླངས་འཁོར་ནི་རླངས་འཁོར་ཐོན་ལས་རིམ་སྤོར་བྱེད་པའི་ཁ་ཕྱོགས་གཙོ་བོ་ཞིག་ཡིན་པ་དང་། འཕེལ་རྒྱས་ཀྱི་བར་སྟོང་ཧ་ཅང་ཆེན་པོ་ཡོད། ནུས་ཁུངས་གསར་བའི་རླངས་འཁོར་ཐོན་ལས་ཀྱི་ཁྱད་སྟོབས་སྲ་བརྟན་དང་རྒྱ་བསྐྱེད་བྱེད་པ་དང་། སྔར་ལས་ལྷག་པའི་ཐོན་ལས་བཀོད་སྒྲིག་ལེགས་བསྒྱུར་དང་སྒུལ་ཤུགས་གློག་རྡེའུ་མ་ལག་སོགས་ཁྱབ་ཁོངས་གཙོ་བོའི་ལག་རྩལ་འགག་སྒྲོལ་ལ་ཤུགས་སྣོན་བྱས་ཏེ། རྒྱལ་ནང་དང་རྒྱལ་སྤྱིའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་གཅིག་འདོམས་བྱེད་པ་དང་། སྒུལ་ཤུགས་ཆེ་བའི་གློག་རྡེའུ་ཕྱིར་བསྡུ་བེད་སྤྱོད་མ་ལག་འཐུས་ཚང་དུ་བཙུགས་ནས། ཐོན་ལས་མུ་འབྲེལ་ཧྲིལ་བོའི་རང་བདག་ཚོད་འཛིན་ནུས་པ་དང་ལྷད་མེད་འཕེལ་རྒྱས་ཆུ་ཚད་མཐོར་འདེགས་གཏོང་དགོས། ནུས་ཁུངས་གསར་བའི་རླངས་འཁོར་གྱི་ཉོ་བསྡུའི་ཁྲལ་དངུལ་ཇེ་ཉུང་དུ་གཏོང་བའི་སྲིད་ཇུས་ལག་བསྟར་དང་། སྤུས་ཚད་མཐོ་བའི་གློག་གསོག་གི་རྨང་གཞིའི་སྒྲིག་ཆས་མ་ལག་བཙུགས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཚོང་རའི་སྔོན་དཔག་གཏན་འཇགས་དང་འཛད་སྤྱོད་པའི་ཁོར་ཡུག་ལེགས་བསྒྱུར་བྱས་ཐོག ནུས་ཁུངས་གསར་བའི་རླངས་འཁོར་གྱི་འཛད་སྤྱོད་སྦས་ཤུགས་འདོན་སྤེལ་གང་ལེགས་བྱེད་དགོས།

གྲོས་ཚོགས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་སྔོན་སློབ་གསོའི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་བསྡུར་བྱས་ཏེ་རྩ་བའི་ཐོག་ནས་གྲོས་འཆམ་བྱུང་། གྲོས་ཚོགས་ནས་བསྟན་དོན། སློབ་སྔོན་སློབ་གསོ་ནི་ཚེ་གང་བོའི་སློབ་གསོའི་མགོ་རྩོམ་ས་ཡིན་ཞིང་། སྤྱི་ཚོགས་སྤྱི་ཕན་ལས་དོན་གལ་ཆེན་ཞིག་ཡིན་ལ། བྱིས་པ་དུང་ཕྱུར་མང་བོ་བདེ་ཐང་ངང་འཚར་ལོངས་འབྱུང་བར་འབྲེལ་ཡོད་པས། ཁྲིམས་སྐྱོང་འགན་སྲུང་ལ་ཤུགས་སྣོན་པར་གལ་འགངས་ཧ་ཅང་ཆེ། ནོར་སྲིད་ཀྱི་དངུལ་གཏོང་འགན་སྲུང་ལ་ཤུགས་སྣོན་བྱས་ཤིང་། སློབ་སྔོན་སློབ་གསོའི་དུས་རིམ་གྱི་དངུལ་གཏོང་བསྡུར་ཚད་ཇེ་མཐོར་གཏོང་བ་དང་། ཞིང་སྡེ་ས་ཁུལ་དང་མི་རིགས་ས་ཁུལ་གཙོར་འཛིན་པའི་ཤུགས་ཚད་ཇེ་ཆེར་གཏོང་བ། སློབ་སྔོན་སློབ་གསོའི་བསླབ་གནས་འདོན་སྤྲོད་ཁ་སྣོན་བྱས་ཏེ། སློབ་སྔོན་སློབ་གསོའི་ལས་དོན་ཁྱབ་གདལ་དུ་གཏོང་བ་དང་བདེ་འཇགས་སྤུས་ལེགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ནས་ད་རུང་གནད་དོན་གཞན་པར་ཞིབ་འཇུག་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།