ཀྲའོ་ལི་ཅི་ཡིས་ཨ་ཀིན་ཐེན་དམངས་གྲོས་ཁང་གི་གྲོས་དཔོན་ལ་མཇལ་འཕྲད་གནང་།
2023.06.03 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 40

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས་གཉིས་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་ཀིན་ཐེན་དམངས་གྲོས་ཁང་གི་གྲོས་དཔོན་མའོ་ལོས་ཨ་ཝུའུ་ལ་མཇལ་འཕྲད་གནང་།

ཀྲའོ་ལི་ཅི་ཡིས་བསྟན་དོན། ཨ་ཀིན་ཐེན་ནི་ཀྲུང་གོའི་གྲོགས་པོ་བཟང་བོ་དང་སྤུན་ཟླ་བཟང་བོ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཧྥེ་ཨར་ནན་ཏི་སི་རྣམ་གཉིས་ཀྱིས་ཐེངས་མང་བོར་གྲོས་མོལ་བྱས་ཤིང་ཕན་ཚུན་ལ་འཕྲིན་ཡིག་བསྐུར་ནས། ཀྲུང་གོ་དང་ཨ་ཀིན་ཐེན་གྱི་འབྲེལ་བ་བསྟུད་མར་གཏིང་ཟབ་ཏུ་འཕེལ་རྒྱས་སུ་འགྲོ་བར་སྣེ་ཁྲིད་མཛད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཀིན་ཐེན་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་ཐུན་མོང་ལྟ་ཚུལ་དངོས་འབེབས་གང་ལེགས་བྱེད་པ་དང་། ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པ། མི་གཞུང་བརྗེ་རེས་རྒྱ་བསྐྱེད་པ། དཔལ་ཡོན་བརྗེ་རེས་དཔེར་འཛིན་གཏིང་ཟབ་ཏུ་སྤེལ་ནས། ཕྱོགས་མང་བོའི་འཐབ་ཇུས་གྲོགས་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་རིམ་པ་སོ་སོའི་མཛའ་མཐུན་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་། ཁྲིམས་འཛུགས་ཉམས་མྱོང་བརྗེ་རེས་བྱེད་པར་ཤུགས་སྣོན་བྱས་ནས། རྒྱུན་ཆད་མེད་པར་ཀྲུང་གོ་དང་ཨ་ཀིན་ཐེན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་པའི་རེ་བ་བཏོན། ཀྲའོ་ལི་ཅི་ཡིས་ད་རུང་ཨ་ཀིན་ཐེན་ཕྱོགས་ལ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་བགྲོད་ལམ་གྱི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས།

མའོ་ལོས་ཨ་ཝུའུ་ཡིས་བསྟན་དོན། ཨ་ཀིན་ཐེན་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུ་ལྷག་གི་རིང་ལ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བར་འཕེལ་རྒྱས་བྱུང་ཡོད། ཨ་ཀིན་ཐེན་གྱིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་མཐའ་འཁྱོལ་བྱས་ཡོད། ཨ་ཀིན་ཐེན་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་བར་གྱི་བརྗེ་རེས་ལ་ཤུགས་སྣོན་པ་དང་། དཔལ་འབྱོར་ཉོ་ཚོང་དང་མི་གཞུང་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། མི་དམངས་ཀྱི་མཛའ་བཤེས་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།