ཁྲིན་ཀང་གིས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་བཅས་ཀྱིས་བརྗོད་དོན་སློབ་གསོ་སྤེལ་བར་རྟོག་ཞིབ་བྱས།
2023.06.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ་དྲུག་པའི་ཚེས་གཉིས་ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་ཚན་རིག་ལག་རྩལ་ཐིན། ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་བཅས་ལ་རྟོག་ཞིབ་བྱེད་པར་སོང་ནས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། བརྗོད་དོན་སློབ་གསོའི་ཐད་ནས་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་བ། སློབ་གསོ་དང་ཚན་རྩལ། ཤེས་ལྡན་མི་སྣ་བཅས་ཀྱི་མཉམ་ལས་འཕེལ་རྒྱས་སུ་གཏོང་བར་ཤུགས་བསྣན་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་ཤུགས་ཡོད་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས།

ཉིན་འགའི་རྗེས་སུ་མཐོ་རྒྱུགས་ལེན་པའི་དུས་ཚོད་ཡིན་པ་དང་། ཁྲིན་ཀང་ཐོག་མར་ཞིང་ཆེན་སློབ་གསོ་སློབ་བསྡུ་རྒྱུགས་ལེན་གླིང་ལ་སོང་ནས། རང་ཞིང་གི་གྲོང་ཁྱེར་དང་ཁུལ་སོ་སོར་བརྙན་རིས་ཀྱི་ལམ་ནས་འབྲེལ་འདྲིས་བྱས་ཏེ། རྒྱུགས་ཤོག་བདེ་འཇགས་གསང་སྲུང་ལས་སྲུང་དང་རྒྱུགས་གནས་གྲ་སྒྲིག་སོགས་རྒྱུགས་ལེན་དང་འབྲེལ་བའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། དེའི་རྗེས་ཞིང་ཆེན་སློབ་གསོ་ཐིན་མཐོ་རིམ་སློབ་གསོ་ཁྲུའུ་དང་རྨང་གཞི་སློབ་གསོ་ཁྲུའུ། ལས་རིགས་སློབ་གསོ་དང་དར་མའི་སློབ་གསོ་ཁྲུའུ་བཅས་ལ་སོང་ནས། གནས་ཚུལ་དྲིས་པ་དང་ངོ་སྤྲོད་ལ་ཉན་ཞིང་རེ་བ་བཏོན། ཁོས་བསྟན་དོན། མཐོ་རྒྱུགས་སྐབས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས། རྒྱུགས་ལེན་ཐད་ནས་བདེ་འཇགས་བརྟན་བརླིང་དང་གོ་རིམ་ལྡན་པར་ཁག་ཐེག་བྱེད་པ་དང་། རྨང་གཞིའི་སྒྲིག་ཆས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། མཐོ་རིམ་སློབ་གསོ་དང་སློབ་ཁྲིད། ཚན་རིག་ཞིབ་འཇུག་གི་སྤུས་ཚད་མཐོར་འདེགས་གཏོང་བ། ལས་རིགས་སློབ་གསོའི་མ་ལག་འཛུགས་སྐྲུན་བྱས་ཏེ། མཉམ་དུ་སློབ་གསོའི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་ཡུན་རིང་ལ་ཕན་འདོགས་པའི་བྱ་བ་བཟང་བོར་བསྒྲུབ་པར་འབད་འཐབ་བྱེད་དགོས།

ཞིང་ཆེན་ཚན་རྩལ་ཐིན་དུ། ཁྲིན་ཀང་གིས་ཐིན་གྱི་བརྗོད་དོན་སློབ་གསོ་གཞུང་སྒྲུབ་ཁང་དང་མཐོ་གསར་ལག་རྩལ་ཁྲུའུ། སྲིད་ཇུས་ཁྲིམས་སྲོལ་དང་རྨང་གཞི་ཞིབ་འཇུག་ཁྲུའུ་ཡི་ལས་བྱེད་མི་སྣ་དང་བརྗེ་རེས་ཟབ་མོ་བྱས་པ་དང་། ཞིང་ཆེན་ཚན་རྩལ་གསར་གཏོད་ཞབས་ཞུ་ཚོམས་ཆེན་དང་རྒྱལ་ཁབ་ཚན་རྩལ་གཞི་གྲངས་གནོད་འཚེ་ཁ་གཏད་གྲ་སྒྲིག་ལྟེ་གནས་སུ་སོང་ནས། རང་ཞིང་གི་ཚན་རྩལ་གསར་གཏོད་ཞབས་ཞུའི་བྱ་བར་རྒྱུས་ལོན་གསལ་བོ་བྱས། ཁོས་བསྟན་དོན། ཚན་རྩལ་བྱ་བར་དོན་སྙིང་གལ་ཆེན་ལྡན་པས། ཁྱད་ལྡན་དགེ་མཚན་འཚོལ་བ་དང་། མཐོ་ས་དང་གནས་བཞི་ལ་དམིགས་པ། རང་སྟེང་གི་དགོས་མཁོ་ལ་རྐང་འཛུགས་པ། རྒྱབ་སྐྱོར་བརྩོན་ལེན་བྱེད་པ་དང་སྤྱི་ཚོགས་སྟོབས་ཤུགས་སྐུལ་སློང་བྱེད་པ། མཉམ་འབྲེལ་དྲ་རྒྱའི་བསམ་བློར་བརྟེན་ནས་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ། གསར་གཏོད་མ་ལག་དང་གསར་གཏོད་སྟེགས་བུ། གསར་གཏོད་ནུས་པ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་ཞབས་འདེགས་སྔར་ལས་བཟང་བོ་ཞུ་དགོས།

ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་དུ། ཁྲིན་ཀང་གིས་ཚན་རིག་གླིང་གི་ལོ་རྒྱུས་འགྲེམ་སྟོན་ཁང་ལ་ལྟ་སྐོར་བྱས་པ་དང་། ཡུལ་དངོས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མ་ལག་ཞིབ་འཇུག་ལྟེ་གནས་དང་མི་རིགས་དང་ཆོས་ལུགས་ཞིབ་འཇུག་ཁང་། བོད་རིག་པའི་ཞིབ་འཇུག་ཁང་བཅས་ལ་བལྟས་ཤིང་། སྤྱི་ཚོགས་ཚན་རིག་གླིང་གིས་བརྗོད་དོན་སློབ་གསོའི་ཁྲོད་གཞུང་ལུགས་ཞིབ་འཇུག་གི་དགེ་མཚན་འདོན་སྤེལ་བྱེད་པ་དང་། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་ཡི་གེ་བཀོལ་ནས་ཏང་གི་གསར་གཏོད་གཞུང་ལུགས་དྲིལ་སྒྲོག་དང་འགྲེལ་ཀློག་འགྲེལ་བཤད་སྤེལ་བའི་བྱེད་ཐབས་ལ་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་བརྟན་སྲུང་བྱེད་པ་དང་། རིག་གཞུང་བསམ་བློའི་མཐོ་ས་གསར་སྐྲུན་བྱེད་པ། རང་ཞིང་གི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་མི་རིགས་སོ་སོའི་བརྗེ་རེས་འགྲོ་འོང་དང་མཉམ་བསྲེས་སོགས་ཁྱབ་ཁོངས་ཀྱི་ཞིབ་འཇུག་ལ་ཤུགས་བསྣན་ནས། མཚོ་སྔོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་རིག་སྟོབས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས།

རྟོག་ཞིབ་བྱེད་སྐབས། ཁྲིན་ཀང་ས་ཆ་རེ་རེར་ཐོན་དུས་བརྗོད་དོན་སློབ་གསོ་སློབ་སྦྱོང་བགྲོ་གླེང་གི་ཟིན་བྲིས་ལ་བལྟས་པ་དང་། གནད་དོན་གྱི་གསལ་ཁྲ་དང་རྟོག་ཞིབ་བཀོད་སྒྲིག་ལ་རྒྱུས་ལོན་གསལ་བོ་བྱས་ལ། བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན། ཁོས་ནན་གྱིས་བསྟན་དོན། དགོངས་པ་སློབ་པ་དང་ཏང་གཤིས་བསྐྱེད་པ། ལག་ལེན་འཛིན་པ། བྱས་རྗེས་འཇོག་པ་བཅས་ཀྱི་སྤྱིའི་རེ་བ་ཁོང་དུ་ཆུད་པར་བྱེད་པ་དང་། བརྗོད་དོན་སློབ་གསོའི་བྱ་བ་སྣ་ཚོགས་དམ་འཛིན་བྱེད་དགོས། སེམས་རྣལ་ལ་ཕབ་ནས་མ་ཡིག་ཀློག་པ་དང་མ་རྩོམ་སྦྱོང་བ། རང་ཉིད་དེའི་ཁྲོད་བཞག་སྟེ་རྩ་བའི་རིགས་པར་གོ་བ་ཟབ་མོ་ལེན་པ། ཏང་གཤིས་བློ་སྦྱོང་རྒྱུན་མ་ཆད་པར་མཐོར་འདེགས་བཏང་སྟེ། འགན་སྒྲུབ་ནུས་པ་མཐོར་འདེགས་གཏོང་དགོས། བརྗོད་དོན་སློབ་གསོར་ཟུང་འབྲེལ་བྱས་ནས་དཔེ་གཞིས་ལེགས་བཅོས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོ་བཅོས་སྐྱོང་སྤེལ་བ་དང་། མི་གསལ་བའི་བསམ་བློ་དང་ནོར་འཛོལ་གྱི་ངོས་ཟིན་ཇེ་གསལ་དུ་བཏང་སྟེ། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་མཐོར་འདེགས་གཏོང་དགོས། སྤྱོད་ཚུལ་འཛུགས་སྐྲུན་དེ་གནས་སྐབས་ཀྱི་དོན་དག་ཞིག་དང་རྣམ་པ་ཙམ་མིན་པར། བྱེད་ཐབས་བཟང་བོ་འདོན་པ་དང་ནན་མོར་བསྒྲུབ་དགོས་ལ། དཔེ་གཞི་མེ་ལོང་དུ་འཛིན་པ་དང་དམ་འཛིན་ལྷོད་མེད་བྱེད་པ། ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་མིའི་སེམས་ཁོང་དུ་སིམ་པར་བྱས་ནས། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་དཔོན་པོར་བཅོས་སྐྱོང་ནན་མོ་བྱེད་རྒྱུ་དེ་རྒྱུན་རྣམ་གསར་པ་རུ་འགྱུར་བར་སྐུལ་འདེད་གཏོང་དགོས།

ཀྲུའུ་ཞང་ཧྥིན་གྱིས་མཉམ་དུ་རྟོག་ཞིབ་བྱས། དབྱང་ཀྲི་ཝུན་དང་ལིའུ་ཁྲའོ་གཉིས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།