ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་ཚེས་གསུམ་ཉིན་གྱི་ཕྱི་དྲོར་པེ་ཅིང་གྲོང་ཁྱེར་དང་སློབ་གསོ་པུའུ་སློབ་གསོ་རྒྱུགས་ལེན་ཁང་དུ་ཕེབས་ནས་ཉིས་སྟོང་ཉེར་གསུམ་ལོའི་མཐོ་རྒྱུགས་གྲ་སྒྲིག་བྱ་བར་ཞིབ་བཤེར་མཛད། ཁོང་གིས་མཐོ་རྒྱུགས་ནི་ཏང་གིས་མི་སྐྱེད་སྲིང་བྱེད་པ་དང་རྒྱལ་ཁབ་ལ་འཇོན་མི་སྐྱེད་སྲིང་བྱེད་པར་འབྲེལ་ཡོད་ལ། ཁྱིམ་ཚང་ཁྲི་སྟོང་མང་པོ་དང་རྒྱ་ཆེའི་སློབ་བུ་རྣམས་ཀྱི་ཁེ་ཕན་དངོས་དང་འབྲེལ་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་ཏེ་གོ་བ་ཟབ་མོ་ལེན་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ། ཧ་ཅང་འགན་ཁུར་བའི་སྙིང་སྟོབས་བཅངས་ནས་མཐོ་རྒྱུགས་རྩ་འཛུགས་བྱ་བ་བཟང་བོར་བསྒྲུབ་སྟེ། མཐོ་རྒྱུགས་བདེ་འཇགས་དང་བརྟན་བརླིང་། བདེ་བླག་བཅས་འབྱུང་བར་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན།
ཏེན་ཞུའེ་ཞང་ཐོག་མར་པེ་ཅིང་འགྲིམ་འགྲུལ་སློབ་ཆེན་ཟུར་གཏོགས་སློབ་འབྲིང་གི་རྒྱུགས་རར་སོང་ནས། རྒྱུགས་དོན་རྩ་འཛུགས་ཀྱི་གོ་རིམ་སོ་སོའི་བྱ་བའི་གནས་ཚུལ་ལ་གཟིགས་བཤེར་མཛད། སློབ་མའི་ཐོབ་ཐང་ངོས་འཛིན་དང་རིག་གནུས་བདེ་འཇགས་སྒོ་སོགས་ཞིབ་བཤེར་མ་ལག་ནུས་ལྡན་སྒོས་འཁོར་སྐྱོད་བྱེད་བཞིན་ཡོད་ལ། རྒྱུགས་རའི་བཀོད་སྒྲིག་དང་ཞབས་ཞུ་འགན་སྲུང་། སྨན་བཅོས་འཕྲོད་བསྟེན་སོགས་ཀྱི་བྱ་བ་གཟབ་ནན་དང་ཚད་ལྡན་ཡིན་པ་མཐོང་རྗེས། ཏེན་ཞུའེ་ཞང་གིས་དུས་རིམ་སྔོན་མའི་མཐོ་རྒྱུགས་རྩ་འཛུགས་བྱ་བར་ཁས་ལེན་གང་ལེགས་མཛད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་འབད་བརྩོན་ཆེན་པོས་བྱ་བ་སྒྲུབ་བཞིན་པའི་མཐོ་རྒྱུགས་ལས་གནས་སྟེང་གི་བློ་མཐུན་ཡོངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་བཀའ་དྲིན་ཞུས། ཁོང་གིས་ད་ལོ་ནི་པྲོག་གསར་རིམས་ནད་ཐད་ནས་རིམས་ནད་ཁ་པའི་རིགས་ལ་དོ་དམ་བྱེད་ཐབས་ཁ་པའི་རིགས་སྤྱད་རྗེས་ཀྱི་མཐོ་རྒྱུགས་ཐོག་མ་ཡིན་ལ། རྒྱལ་ཡོངས་སུ་རྒྱུགས་སྤྲོད་སློབ་མ་བྱེ་བ་གཅིག་དང་ས་ཡ་གཉིས་འབུམ་དགུ་ཁྲི་གཅིག་གིས་མིང་ཐོ་བཀོད་ནས། ཡང་བསྐྱར་ལོ་རྒྱུས་ཀྱི་ཟིན་ཐོ་བསྐྲུན་ཡོད། ཐེངས་འདིར་མཐོ་རྒྱུགས་ལ་ཞུགས་པའི་སློབ་མ་རྣམས་ལོ་གསུམ་གྱི་རིམས་ནད་བརྒྱུད་ཡོད་པས། མཐོ་རྒྱུགས་རྩ་འཛུགས་བྱ་བ་སྔར་ལས་ཀྱང་གཟབ་ནན་དང་ཞིབ་ཚགས་སྒོས་བསྒྲུབ་དགོས། མཐོ་རྒྱུགས་ཐོན་ལ་ཉེ་བས། རྒྱུགས་དོན་གྱི་བླང་བྱ་སྣ་ཚོགས་དོན་འཁྱོལ་སྔར་ལས་ཞིབ་མོ་བྱེད་པ་དང་། རྒྱུགས་ལེན་གྱི་རིམས་འགོག་བྱ་བ་བཟང་བོར་བསྒྲུབ་པ། ཐོལ་བྱུང་གནས་ཚུལ་ལ་ཁ་གཏད་འཇལ་བའི་བྱ་བའི་ཇུས་གཞི་འཐུས་ཚང་དུ་གཏོང་བ། རྒྱུགས་སྤྲོད་སློབ་མར་སེམས་ཁུར་དང་གཅེས་སྐྱོང་བྱེད་པར་ཤུགས་སྣོན་པ། དབང་བོ་སྐྱོན་ཅན་གྱི་སློབ་མ་སོགས་དམིགས་བསལ་དཀའ་ཁག་ཅན་གྱི་མི་ཚོགས་ལ་ལུགས་མཐུན་གྱི་སྟབས་བདེ་བསྐྲུན་པ་བཅས་བྱས་ཏེ། སློབ་མ་རྣམས་སེམས་བདེ་བ་དང་ཁྱིམ་བདག་རྣམས་སེམས་བདེ་བར་བྱེད་དགོས་ལ། སློབ་མ་རྣམས་ཀྱིས་ཆུ་ཚད་མཐོ་བའི་རྒྱུགས་སྤྲོད་པ་དང་ཕུགས་བསམ་མངོན་འགྱུར་བྱེད་པར་རམ་འདེགས་བྱེད་དགོས་ཞེས་བསྟན།
དེའི་རྗེས་སུ་ཏེན་ཞུའེ་ཞང་སློབ་གསོ་པུའུ་སློབ་གསོ་རྒྱུགས་ལེན་ཁང་དུ་ཕེབས་ནས། རྒྱལ་ཡོངས་ཀྱི་མཐོ་རྒྱུགས་གྲ་སྒྲིག་བྱ་བའི་གནས་ཚུལ་གྱི་ཡར་ཞུ་ལ་གསན་པ་དང་། རྒྱལ་ཁབ་སློབ་གསོ་རྒྱུགས་ལེན་རྒྱུགས་དོན་བཀོད་འདོམས་སྟེགས་བུའི་མ་ལག་གི་ཚོད་ལྟ་ལ་གཟིགས་པར་མ་ཟད། འབྲེལ་ཡོད་ཞིང་ཆེན་གྱི་རྒྱུགས་ལེན་སར་འགྲོ་སའི་སྒོ་དང་རྒྱུགས་རར་གཟིགས་བཤེར་མཛད། ཁོང་གིས་མཐོ་རྒྱུགས་ནི་སློབ་གསོ་འདྲ་མཉམ་དང་སྤྱི་ཚོགས་འདྲ་མཉམ་མངོན་འགྱུར་བྱེད་པའི་ལམ་ལུགས་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་བྱེད་ཐབས་ཆེས་ནན་མོ་སྤྱད་དེ། ནོར་འཁྲུལ་སྣ་ཚོགས་འབྱུང་བར་བཀག་འགོག་བྱེད་དགོས་ལ། འདྲ་མཉམ་དང་དྲང་གཞག་ལ་གནོད་པའི་དོན་དག་འབྱུང་བར་གཏན་འགོག་བྱེད་དགོས། རྒྱུགས་ཤོག་དཔར་བ་དང་སྐྱེལ་འདྲེན། དོ་དམ་སོགས་ཀྱི་གོ་རིམ་གྱི་བདེ་འཇགས་གསང་སྲུང་བྱ་བར་ཤུགས་བསྣན་ནས། རྒྱུགས་གཞིའི་གསང་བ་འཆོར་བའི་གནས་ཚུལ་འབྱུང་བར་གཏན་འགོག་བྱེད་དགོས། མི་དང་དངོས་རྫས། ལག་རྩལ་བཅས་ལ་བརྟེན་ནས་རྒྱུགས་ལེན་སྐབས་རྐུ་འབྲི་བྱེད་པར་མྱུར་དུ་ཐག་གཅོད་བྱེད་དགོས། ལམ་འགྲོའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། ཟས་རིགས་འཕྲོད་བསྟེན་ལ་ཁག་ཐེག་བྱེད་པ། འཛེར་སྒྲ་བཅོས་སྐྱོང་སོགས་ཀྱི་བྱ་བ་ཕྱོགས་བསྡུས་ཀྱིས་བཟང་བོར་བསྒྲུབ་སྟེ། རྒྱུགས་སྤྲོད་པར་ཁོར་ཡུག་བཟང་བོ་ཞིག་བསྐྲུན་དགོས། རྒྱུགས་དཔྱད་ཀྱི་སྤུས་ཚད་ལ་ཁག་ཐེག་ནན་མོ་བྱེད་པ་དང་། རྒྱལ་ཁབ་ཀྱི་སློབ་བསྡུའི་སྲིད་ཇུས་དང་སློབ་བསྡུའི་འཆར་གཞི་ལག་བསྟར་ནན་མོ་བྱས་ཏེ། རྒྱུགས་ལེན་འདྲ་མཉམ་དང་གོ་རིམ་ཡོངས་བསྒྲགས། མཇུག་འབྲས་དྲང་གཞག་བཅས་ཡོང་བར་ཁག་ཐེག་བྱེད་དགོས་ཞེས་བསྟན།
ཏེན་ཞུའེ་ཞང་གིས་ད་དུང་བརྙན་རིས་བརྒྱུད་དེ་ཧྲང་ཏུང་ཞིང་ཆེན་ཆུའུ་ཧྥུའུ་གྲོང་ཁྱེར་དང་། ཡུན་ནན་ཞིང་ཆེན་པའོ་ཧྲན་གྲོང་ཁྱེར་ལུང་དབྱང་ཁུལ་གྱིས་མཐོ་རྒྱུགས་གྲ་སྒྲིག་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པར་གསན། ཁོང་གིས་མཐོ་རྒྱུགས་རྩ་འཛུགས་བྱ་བ་ནི་མི་དམངས་མང་ཚོགས་ལ་འདོན་སྤྲོད་བྱས་པའི་སྤྱི་ཐུན་ཞབས་ཞུ་གལ་ཆེན་ཞིག་ཡིན་པ་དང་། སྲིད་གཞུང་གི་བཅོས་སྐྱོང་ནུས་པའི་ཐད་ཀྱི་ཚོད་བགམ་ཆེན་པོ་ཞིག་ཡིན་ལ། མཐོ་རྒྱུགས་བདེ་འཇགས་དང་བརྟན་བརླིང་། བདེ་བླག་བཅས་ཡོང་བར་ཁག་ཐེག་བྱེད་པ་ནི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་ཆབ་སྲིད་ཀྱི་འགན་འཁྲི་ཆེན་པོ་ཡིན། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་དམིགས་ཡུལ་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། འགན་འཁྲི་དོན་འཁྱོལ་ལ་ཤུགས་བསྣན་ཏེ། སྟོབས་ཤུགས་ཡོད་རྒུས་བདེ་འཇགས་མཐོ་རྒྱུགས་ཀྱི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱས་ནས། ཏང་དང་མི་དམངས་ཡིད་ཚིམ་དུ་འཇུག་དགོས་ཞེས་ནན་གྱིས་བསྟན།