སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་རྒྱུན་འཛིན་གོང་སྤེལ་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་ལ་ཚུར་སྣང་ཆེན་པོ་བྱུང་།
2023.06.05 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 16

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་རྒྱུན་འཛིན་གོང་སྤེལ་བཞུགས་མོལ་ཚོགས་འདུའི་སྟེང་གསུང་བཤད་གལ་ཆེན་གནང་། ཁོང་གིས་ལོ་ངོ་ལྔ་སྟོང་ལྷག་གི་ཀྲུང་ཧྭའི་ཤེས་རིག་གི་རྨང་གཞི་བརྟན་པོའི་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གསར་གཏོད་དང་འཕེལ་རྒྱས་སུ་གཏོང་བ་དང་། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་ཞིབ་ཕྲ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་ནི་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཞིག་ཡིན་ཞེས་ནན་གྱིས་གསུངས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལ་སྤྱི་ཚོགས་ལས་རིགས་ཁག་ཏུ་ཚུར་སྣང་ཆེན་པོ་བྱུང་བ་དང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་ཀྲུང་ཧྭའི་ཤེས་རིག་གི་མངོན་གསལ་དོད་པའི་ཁྱད་ཆོས་ཁྱོན་ཡོངས་ནས་ཕྱོགས་སྡོམ་དང་རྒྱས་བཤད་གནང་བ་དང་།“ཟུང་འབྲེལ་གཉིས”ཀྱི་དོན་སྙིང་གལ་ཆེན་ལ་ལན་གཏིང་ཟབ་བཏབ་ཡོད་ལ། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་རིག་གཏོད་པའི་ཆོད་གཏམ་གལ་ཆེན་བཏོན་ཡོད་པས། ང་ཚོའི་དུས་རབས་འདིར་དབང་བའི་རིག་གནས་གསར་པ་ཧུར་ཐག་གིས་གཏོད་ཆེད་ཁ་ཕྱོགས་གསལ་སྟོན་གནང་ཡོད་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ནང་“ཟུང་འབྲེལ་གཉིས་”ལ་རྒྱས་བཤད་གཏིང་ཟབ་གནང་ཡོད་པ་དང་། དེ་ནི་ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་འཚོལ་ཞིབ་བྱེད་པའི་ཁྲོད་ཐོབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཞིག་དང་། ང་ཚོ་བྱ་བ་ལེགས་འགྲུབ་བྱེད་པའི་ཐབས་མཆོག་ཡིན་པ་བསྟན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།“ཟུང་འབྲེལ་”གྱི་སྔོན་འགྲོའི་ཆ་རྐྱེན་ནི་ཕན་ཚུན་གཅིག་མཐུན་ཡོང་རྒྱུ་དེ་ཡིན། མར་ཁེ་སི་རིང་ལུགས་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་འབྱུང་ཁུངས་མི་འདྲ་ཡང་ཕན་ཚུན་བར་ཚད་མཐོའི་གཅིག་མཐུན་རང་བཞིན་ལྡན་ཡོད། ཕན་ཚུན་གཅིག་མཐུན་ཡིན་ན་ད་གཟོད་ཟུང་འབྲེལ་དམ་ཚགས་བྱེད་ཐུབ། “ཟུང་འབྲེལ་”བྱས་པའི་མཇུག་འབྲས་སུ་ཕན་ཚུན་གྲུབ་འབྲས་ཐོབ་ནས་གཅིག་གྱུར་དམ་ཚགས་ཀྱི་རིག་གནས་ཚེ་སྲོག་གི་ཕུང་པོ་གསར་པ་ཞིག་བསྐྲུན་ཏེ་མར་ཁེ་སི་རིང་ལུགས་དེ་ཀྲུང་གོའི་རིག་གནས་སུ་འགྱུར་བ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དེ་དེང་རབས་རིག་གནས་སུ་འགྱུར་བ།“ཟུང་འབྲེལ་”བྱས་ནས་གྲུབ་པའི་རིག་གནས་གསར་པ་དེ་ཀྲུང་གོའི་ལུགས་ཀྱི་རིག་གནས་ཀྱི་རྣམ་པ་ཞིག་ཏུ་འགྱུར་བ། “ཟུང་འབྲེལ”གྱིས་བགྲོད་ལམ་གྱི་རྨང་གཞི་ཇེ་བརྟན་དུ་བཏང་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་ལ་སྔར་ལས་རྒྱ་ཆེ་ལ་གཏིང་ཟབ་པའི་ལོ་རྒྱུས་ལྡན་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་གྱི་རིག་གནས་རྨང་གཞི་རྒྱ་ཆེར་བཏང་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭའི་ཤེས་རིག་ལ་དེང་རབས་ཀྱི་སྟོབས་ཤུགས་སྦྱིན་པ་དང་། ཀྲུང་ཧྭའི་ཤེས་རིག་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྨང་གཞི་ཟབ་མོ་བཏིངས་ཡོད། “ཟུང་འབྲེལ་”གྱིས་གསར་གཏོད་ཀྱི་བར་སྟོང་བཏོད་པ་དང་། ང་ཚོར་བསམ་བློ་དང་རིག་གནས་རང་འགུལ་ཁོང་དུ་ཆུད་པར་བྱས་པར་མ་ཟད། བགྲོད་ལམ་དང་གཞུང་ལུགས། ལམ་ལུགས་བཅས་ལ་ནུས་པ་ནུས་ལྡན་ཡང་ཐོན་ཡོད། “ཟུང་འབྲེལ”གྱིས་རིག་གནས་ཀྱི་གཙོ་ནུས་རང་བཞིན་སྲ་བརྟན་དུ་བཏང་བ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་གསར་གཏོད་བྱས་པ་ནི་རིག་གནས་ཀྱི་གཙོ་ནུས་རང་བཞིན་གྱི་ཆེས་ནུས་ལྡན་གྱི་མཚོན་ཚུལ་ཞིག་ཡིན་ཞེས་གསུངས།

བཞུགས་མོལ་ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“ཟུང་འབྲེལ་གཉིས་པ་”གཙོ་གནད་དུ་བཟུང་ནས་ཁྱོན་ཡོངས་ནས་རྒྱས་བཤད་གཏིང་ཟབ་གནང་བ་དང་། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཟུང་འབྲེལ་བྱ་རྒྱུ་དེ་ནི་ཡང་བསྐྱར་བསམ་བློར་བཅིངས་འགྲོལ་བྱེད་ཐེངས་ཤིག་དང་། ང་ཚོའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་བསྒྱུར་བའི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱོགས་བསྡོམས་གཏིང་ཟབ་གནང་བ་ཞིག ཀྲུང་ཧྭའི་ཤེས་རིག་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་གཏིང་ཟབ་མོར་ཆུད་པར་བྱས་པ་ཞིག་བཅས་ཡིན།

ཚང་མས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་པར་བྱས་ནས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་བསྒྱུར་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་དགོས་ལ། མུ་མཐུད་དུ་དག་སྲུང་གསར་གཏོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་དེང་རབས་ཀྱི་ལེའུ་གསར་པ་གཏོད་དགོས་ཟེར།

ཤ་བོ་གསེར་མཚོས་བསྒྱུར།