ལིས་ཆང་གིས་འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།
2023.06.05 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 158

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཚེས་ལྔ་ཉིན་པེ་ཅིང་དུ་འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་གི་མཉམ་འབྲེལ་ཀྲུའུ་ཞི་ཁི་ལིན་པེ་ཨར་གྱིས་སྣེ་ཁྲིད་པའི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ལིས་ཆང་གིས་བསྟན་དོན། ཏང་བར་གྱི་འགྲོ་འོང་དེ་ཀྲུང་གོ་དང་འཇར་མན་བར་གྱི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཕྱོགས་གཉིས་ཀྱིས་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་པ་དང་དར་རྒྱས་གོང་འཕེལ་ལ་མཉམ་དུ་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་ཟབ་མོ་ལྡན། མིག་སྔར་རྒྱལ་སྤྱིའི་གནས་བབ་རྙོག་འཛིང་དང་ཟང་ཟིང་དུ་གྱུར་ཡོད་པས་ཀྲུང་འཇར་རྒྱལ་ཁབ་གཉིས་ཀྱིས་འཐབ་ཇུས་ངེས་ཤུགས་སྔར་ལས་རྒྱུན་འཁྱོངས་བྱས་ནས་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་དགོས། ཀྲུང་གོ་གུང་ཁྲན་ཏང་གིས་འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་བར་དུ་བརྗེ་རེས་མཉམ་ལས་བྱ་རྒྱུར་ཤུགས་བསྣན་ནས་ཀྲུང་གོ་དང་འཇར་མན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་རོགས་རམ་བྱེད་པ་དང་། དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ཕྱོགས་གཉིས་པོའི་འབྲེལ་བའི་རྨང་གཞི་གལ་ཆེན་ལ་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད། འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་གིས་ཤུགས་རྐྱེན་གལ་ཆེན་འདོན་སྤེལ་བྱས་ནས་ཀྲུང་གོ་དང་འཇར་མན་དང་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་བརྟན་འཇགས་དང་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས།

ཁི་ལིན་པེ་ཅར་གྱིས་བསྟན་དོན། འཇར་མན་ཕྱོགས་ཀྱིས་རེས་སྐོར་བདུན་པའི་འཇར་མན་དང་ཀྲུང་གོའི་སྲིད་གཞུང་གི་གྲོས་མོལ་ལ་གྲ་སྒྲིག་ཧུར་ཐག་བྱེད་ཀྱིན་ཡོད། འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་གིས་ཀྲུང་གོ་གུང་ཁྲན་ཏང་བར་གྱི་འཐབ་ཇུས་བརྗེ་རེས་དང་འབྲེལ་འདྲིས་ལ་ཤུགས་བསྣན་ནས་འཇར་མན་དང་ཀྲུང་གོའི་འབྲེལ་བ་དང་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་རྒྱུན་མཐུད་དང་བརྟན་པོའི་ངང་འཕེལ་རྒྱས་གཏོང་རྒྱུར་འབད་བརྩོན་བྱེད་འདོད་ཡོད།

ཤ་བོ་གསེར་མཚོས་བསྒྱུར།