ཧན་ཀྲིན་གྱིས་ཐེ་གོའི་སྲས་མོ་ཧྲི་ལིན་ཐུང་དང་མཇལ་འཕྲད་གནང་བར་མ་ཟད་སྲས་མོ་ཐེངས་ལྔ་བཅུ་པར་ཀྲུང་གོར་འཚམས་འདྲིར་ཕེབས་པའི་རྟེན་འབྲེལ་མཛད་སྒོར་ཞུགས།
2023.06.06 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 19

ཟླ་དྲུག་པའི་ཚེས་ལྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཐེ་གོའི་སྲས་མོ་ཧྲི་ལིན་ཐུང་ལ་མཇལ་འཕྲད་གནང་བར་མ་ཟད་སྲས་མོ་ཐེངས་ལྔ་བཅུ་པར་ཀྲུང་གོར་འཚམས་འདྲིར་ཕེབས་པའི་རྟེན་འབྲེལ་མཛད་སྒོར་ཞུགས།

ཧན་ཀྲིན་གྱིས་སྲས་མོ་ཧྲི་ལིན་ཐུང་ཀྲུང་གོར་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་བོ་ཝ་ཅི་ལ་ལུང་ཀུང་ལ་བྱམས་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་བརྒྱུད་སྒྲོག་བྱས་ཤིང་། 1981ལོར་སྲས་མོ་ཧྲི་ལིན་ཐུང་གིས་ཀྲུང་གོར་འཚམས་འདྲི་ཐེངས་དང་པོ་གནང་བ་ནས་བཟུང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་ཐད་འབད་བརྩོན་ལྷོད་མེད་བྱས་པ་དང་ལེགས་སྐྱེས་གལ་ཆེན་ཕུལ་བར་བསྔགས་བརྗོད་བྱས།

ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོ་དང་ཐེ་གོའི་མཛའ་མཐུན་འབྲེལ་བ་ལོ་ངོ་སྟོང་ལས་བརྒལ་བ་དང་ཀྲུང་གོ་དང་ཐེ་གོའི་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན། ཀྲུང་གོ་ཕྱོགས་ཀྱིས་ཐེ་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་བར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་དང་། ཀྲུང་ཐེ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་སྲོལ་རྒྱུན་མཛའ་བརྩེ་དར་སྤེལ་དང་རྒྱུན་འཛིན་བྱས་ཏེ་སྤུས་ཚད་མཐོན་པོས་མཉམ་དུ་རྒྱུད་གཅིག་ལམ་གཅིག་བསྐྲུན་རྒྱུར་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་མཉམ་དུ་འཕེལ་རྒྱས་དང་དར་རྒྱས་ཡོང་བ་མངོན་འགྱུར་བྱེད་འདོད་ཡོད་ཅེས་གསུངས།

ཧྲི་ལིན་ཐུང་གིས་ཀྲུང་གོ་ཕྱོགས་ཀྱིས་ཐེ་གོས་པྲོག་གསར་རིམས་ནད་ལ་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཐེངས་ལྔ་བཅུ་པར་ཀྲུང་གོར་འཚམས་འདྲི་གནང་སྐབས་ཀྲུང་གོའི་ཕྱོགས་བཞི་མཚམས་བརྒྱུད་དུ་བསྐྱོད་པ་བརྒྱུད་དེ་ཀྲུང་གོ་མི་དམངས་ཀྱི་སྤྲོ་སེམས་དང་མཛའ་གྲོགས་མྱོང་ཚོར་ཟབ་མོ་བྱུང་སོང་། ཀྲུང་གོ་དར་རྒྱས་གོང་འཕེལ་ཡོང་བ་དང་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་ཡུན་ནས་ཡུན་དུ་དར་བར་སྙིང་ཐག་པ་ནས་སྨོན་འདུན་ཞུ་ཟེར།

ཤ་བོ་གསེར་མཚོས་བསྒྱུར།