ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་བཅས་སུ་རྟོག་ཞིབ་བྱས།
2023.06.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ཟླ་དྲུག་པའི་ཚེས་ལྔ་ཉིན།   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།  ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་བཅས་སུ་བརྗོད་དོན་སློབ་གསོའི་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱེད་སྐབས།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་བསྟར་ནན་མོ་བྱེད་པ་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་དོན་འཁྱོལ་ནན་མོ་བྱས་ཏེ་ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་ལྟར།   གཞུང་ལུགས་སློབ་སྦྱོང་ཇེ་དྲག་ཏུ་གཏོང་བ་དང་བརྟག་དཔྱད་ཞིབ་འཇུག་གཏོང་ཟབ་ཏུ་སྤེལ་བ།  ཕྱོགས་ཡོངས་ནས་ལྟ་ཞིབ་དང་དག་ཐེར་ལེགས་བཅོས་བྱེད་པ།   འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ།   ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་བརྗོད་དོན་སློབ་གསོ་སྤེལ་ཏེ་གྲུབ་འབྲས་དངོས་ཐོབ་པར་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དུ་ཝུའུ་ཞའོ་ཅུན་གྱིས་སྔ་གཞུག་ཏུ་ལས་ཤོར་འགན་སྲུང་ཁྲུའུ་དང་ཤེས་ལྡན་མི་སྣའི་བརྗེ་རེས་ལྟེ་གནས་ཀྱི་ལས་བྱེད་མི་སྣ་དང་བསམ་ཚུལ་བརྗེ་རེས་བྱས་ཏེ་འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།   ཁོས་བསྟན་དོན།  མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་བ་དེ་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་།   སྤྱི་ཚོགས་བརྟན་འཇགས་དང་ཡུན་རིང་འཕེལ་རྒྱས་ལ་འབྲེལ་བ་ཡོད་པས།    འཇོན་མིའི་སྟོབས་ལྡན་ཞིང་ཆེན་བསྐྲུན་པའི་འཐབ་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་ལས་ཞུགས་བརྟན་པར་བྱེད་པ།   སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པ།    འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་པ།  དཀའ་གནད་སེལ་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་དངོས་མང་པོ་བསྒྲུབ་པ།   དམངས་ལ་ཕན་བདེ་བསྐྲུན་པ་དང་དམངས་ཀྱི་དཀའ་ཁག་སེལ་བའི་དོན་བཟང་མང་བོ་བསྒྲུབ་སྟེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཐད་ནུས་ཡོད་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས།

ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན་དུ་ཝུའུ་ཞའོ་ཅུན་སྡེ་བ་དང་གྲོང་རྡལ་འཛུགས་སྐྲུན་ཁྲུའུ་རུ་སོང་ནས་གནས་ཚུལ་རྒྱུས་ལོན་ཟབ་མོ་བྱས།   ཁོས་བསྟན་དོན།   སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་བྱ་བ་དེ་སྤུས་ཚད་མཐོ་བའི་འཚོ་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འབྲེལ་ཡོད་པས།  ཤུགས་ཆེན་པོས་མི་དམངས་མང་ཚོགས་སྡོད་ཁང་བཟང་བོར་སྡོད་དུ་འཇུག་པ་དང་བདེ་སྡོད་ཀྱི་རིག་སྟོབས་གྲོང་ཁྱེར་བསྐྲུན་པ།   བདེ་སྡོད་ལས་བརྩོན་གྱི་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པ།   སྤུས་ལེགས་ཀྱི་ཨར་ལས་ཐོན་རྫས་འདོན་སྤྲོད་བྱེད་པ་བཅས་བྱས་ཏེ་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ལས་དོན་ཐད་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས།

ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་དུ་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ས་གཤིས་གནོད་འཚེ་ལྟ་ཞིབ་ཚད་ལེན་སྔོན་བརྡ་ཚོད་ལྟའི་སྟེགས་བུ་དང་ཞིང་ཆེན་རིམ་པའི་གཏན་འཇགས་རྒྱུ་ནོར་ཐོ་འགོད་ཆ་འཕྲིན་སྟེགས་བུའི་འཁོར་སྐྱོད་གནས་ཚུལ་ལ་ཡུལ་དངོས་ནས་ལྟ་ཞིབ་བྱས།   ཁོས་ནན་གྱིས་བསྟན་དོན།   ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་གྱི་ཞིབ་བཤེར་དང་དག་ཐེར་ལེགས་བཅོས་ལ་ཤུགས་བསྣན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས།   གཏན་འཇགས་རྒྱུ་ནོར་ཐོ་འགོད་ཀྱི་ཚད་ལྡན་ཅན་དང་སྟབས་བདེ་ཅན་གྱི་ཆུ་ཚད་མཐོར་འདེགས་བཏང་སྟེ་མང་ཚོགས་ཀྱི་རྒྱུ་ནོར་ཁེ་དབང་ལ་སྲུང་སྐྱོབ་བཟང་བོ་བྱེད་དགོས།  རང་བྱུང་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལེགས་སྒྱུར་བྱེད་པ་དང་རྒྱལ་ཁོངས་བར་སྟོང་འཆར་འགོད་སྒྲིག་བཟོ་ལ་སྤུས་ཚད་མཐོན་པོས་སྐུལ་འདེད་གཏོང་བ།  སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་སླར་གསོའི་བཟོ་སྐྲུན་གལ་ཆེན་དམ་འཛིན་བྱས་ཏེ་རང་བྱུང་ཐོན་ཁུངས་ལས་དོན་གྱི་བཅོས་སྒྱུར་འཕེལ་རྒྱས་ཐད་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས།

ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་བཅས་སུ་ཝུའུ་ཞའོ་ཅུན་གྱིས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་།   བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཏེ་གྲུབ་འབྲས་བཟང་བོ་ལེན་དགོས་པའི་བླང་བྱ་གསལ་བོ་བཏོན།   ཁོས་ནན་གྱིས་བསྟན་དོན།   གཞུང་ལུགས་ལ་སློབ་སྦྱོང་ཟབ་མོ་དང་ངོས་འཛིན་ཡང་དག་བྱེད་པ་དང་ཤེས་སྤྱོད་ཟུང་འབྲེལ་བྱེད་པ།   སློབ་སྦྱོང་ཟབ་མོ་བྱེད་པའི་ཁྲོད་རིག་གཞུང་བྱང་ཚད་ཇེ་མཐོར་གཏོང་བ་དང་ཕུགས་བསམ་འདུ་ཤེས་ཇེ་བརྟན་དུ་གཏོང་བ།   འཇོན་ནུས་ཇེ་དྲག་ཏུ་གཏོང་དགོས།   བརྟག་དཔྱད་ཞིབ་འཇུག་ཐད་གནས་ཚུལ་དངོས་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་བྱེད་ཐབས་བཟང་བོ་སྤྱོད་པ།  ཟབ་རྣལ་ཞིབ་གནད་ཕན་བཅས་ཀྱི་ཡིག་འབྲུ་ལྔའི་ཐབས་ཇུས་དང་ཕུའུ་ཅང་ཉམས་མྱོང་བཀོལ་སྤྱོད་བཟང་བོ་བྱས་ཏེ་ཟབ་ཚད་དང་རིན་ཐང་།   ཕན་འབྲས་བཅས་ཡོད་པའི་བརྟག་དཔྱད་ཞིབ་འཇུག་སྤེལ་དགོས།  ལྟ་ཞིབ་དང་དག་ཐེར་ལེགས་བཅོས་ཐད་ལྟ་ཞིབ་བྱས་ཏེ་ལེགས་བཅོས་བཟང་བོ་བྱེད་པ་དང་།  གནད་དོན་ཀྱི་འབྱུང་རྩ་འཚོལ་བ་དང་དག་ཐེར་ལེགས་བཅོས་བཟང་བོ་བྱེད་པ།  བྱ་བའི་ནང་རྐྱེན་འཛུགས་པ་བཅས་བྱས་ཏེ་གནད་དོན་དངོས་ཐག་གཅོད་པ་དང་གནད་དོན་ཐག་གཅོད་བཟང་བོ་བྱེད་དགོས།  བྱ་བར་སྐུལ་འདེད་གཏོང་བའི་ཐད་སྤུས་འདེགས་ནུས་སྤེལ་དང་དམངས་ལ་བདེ་སྐྱིད་བསྐྲུན་དགོས་པ་དང་།  ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པ།   སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོར་འདེགས་གཏོང་བའི་ཕན་འབྲས་གསར་པས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་དཔྱད་ཞིབ་བྱེད་དགོས།

ལིའུ་ཐའོ་དང་དབྱང་ཀྲི་ཝུན།  ཧི་ལུའུ་ཁྲུན་བཅས་སོ་སོར་རྟོག་ཞིབ་ཁྲོད་ཞུགས།

                                                                            ལྷ་མོ་ཚེ་རིང་གིས་བསྒྱུར།