ཟླ་དྲུག་པའི་ཚེས་ལྔ་ཉིན། ཉིས་སྟོང་ཉེར་གསུམ་ལོའི་མཚོ་སྔོན་ཞིང་ཆེན་གྱི་དྲུག་ལྔའི་ཁོར་ཡུག་ཉིན་མོའི་སྤྱི་ཕན་དྲིལ་སྒྲོག་བྱ་འགུལ་ཟི་ལིང་གྲོང་ཁྱེར་གྱི་ཞིན་ཉིན་ཐང་ཆེན་དུ་སྤེལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཉིས་སྟོང་ཉེར་གསུམ་ལོའི་དྲུག་ལྔའི་ཁོར་ཡུག་ཉིན་མོའི་དྲིལ་སྒྲོག་བྱ་འགུལ་དང་དེ་མིན་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཐད་ལ་རེ་བ་བཏོན་པ་དང་། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་བྱ་འགུལ་ལ་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།
ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་བསྟན་དོན། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་འཛུགས་སྐྲུན་བྱེད་པའི་དེང་རབས་ཅན་ནི་ད་ལོའི་དྲུག་ལྔའི་ཁོར་ཡུག་ཉིན་མོའི་བརྗོད་དོན་ཡིན་པས། ཁོར་ཡུག་ཉིན་མོའི་དྲིལ་སྒྲོག་བྱ་འགུལ་སྤེལ་བར་དོན་སྙིང་གལ་ཆེན་ལྡན། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཀུན་ཏུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཟང་བོ་བྱེད་པ་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་ཡིན་པའི་བླང་བྱ་གལ་ཆེན་ཡིད་ལ་དམ་པོར་བཅངས་ཤིང་། དུས་དང་རྣམ་པ་ཀུན་ཏུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་བྱས་པ་དང་། རི་ཆུ་ནགས་གསུམ་དང་ཞིང་ས་དང་མཚེའུ། རྩྭ་ས་སོགས་ཀྱི་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ལ། བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བཟང་བོ་བྱས་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ཞིང་། སྐྱེ་ཁམས་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་སྒོས་ལེགས་བཅོས་བྱས་པ་དང་། སྐྱེ་ཁམས་མ་ལག་གི་བརྟན་འཇགས་རང་བཞིན་རྒྱུན་ཆད་མེད་པར་མཐོར་འདེགས་སུ་བཏང་ལ། སྐྱེ་ཁམས་བཅོས་སྐྱོང་ནུས་པ་མངོན་གསལ་སྒོས་ཇེ་ཆེར་བཏང་ནས། མཚོ་སྔོན་ནི་མཛེས་པའི་ཀྲུང་གོའི་སྒེའུ་ཁུང་གལ་ཆེན་ཞིག་ཏུ་འགྱུར་བར་སྐུལ་འདེད་བཏང་།
ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བ་དང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བར་འཐབ་ཇུས་བཀོད་སྒྲིག་གལ་ཆེན་བྱས། དུས་རབས་གསར་པ་དང་སྐྱོད་ལམ་གསར་པར་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བ་སྒུལ་ཤུགས་སུ་བྱས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་ལ་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་དགོས་ལ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་རྒྱུ་གཅིག་སྡུད་བྱེད་པ་དང་། ཐོན་ལས་སྒྲིག་གཞི་ལེགས་སྒྲིག་དང་བཙོག་བཟོ་འགོག་བཅོས། སྐྱེ་ཁམས་སྲུང་སྐྱོབ། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བར་གཅིག་སྒྱུར་སྒོས་འཆར་འགོད་བྱེད་པ། ཐཱན་ཉུང་དང་བཙོག་བཟོ་མི་བྱེད་པ། ལྗང་མདོག་རྒྱ་བསྐྱེད་པ། འཕར་སྣོན་བཅས་ལ་མཐུན་སྦྱོར་སྒོས་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་རིག་གནས་དྲིལ་སྒྲོག་བཟང་བོ་བྱེད་པ་དང་ལྗང་མདོག་འདུ་ཤེས་བརྒྱུད་སྤེལ་རྒྱ་ཆེར་བྱེད་དགོས་ལ། སྤྱི་ཚོགས་ཡོངས་ཀྱིས་འགུལ་སྐྱོད་བྱེད་པར་སྐུལ་སློང་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འདུ་ཤེས་ཧུར་ཐག་སྒོས་བརྒྱུད་་སྤེལ་བྱེད་མཁན་དང་མིག་དཔེ་སྟོན་མཁན་བྱེད་དགོས་པ་དང་། སེམས་ཤུགས་གཅིག་སྒྲིལ་སྒོས་མཚོ་སྔོན་གྱི་རི་ཆུ་ནགས་གསུམ་ལ་སྲུང་སྐྱོབ་བཟང་བོ་བྱེད་དགོས་པར་མ་ཟད། བློ་བརྟན་འགྱུར་མེད་སྒོས་ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོབ་བཟང་བོ་བྱེད་པ་དང་། མཛེས་པའི་ཀྲུང་གོའི་མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པར་བརྗོད་ནས། ཆུ་དྭངས་རི་སྔོ་ནམ་ཡང་མཚོ་སྔོན་གྱི་ཁྱད་སྟོབས་སུ་བསྒྱུར་དགོས།
བཀྲ་ཤིས་འབུམ་གྱིས་བསྒྱུར།