ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཁང་ཚེས་ལྔ་ཉིན་མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་ཁང་དང་། ཨ་རུ་བོད་སྨན་མ་རྐང་ཚད་ཡོད་ཀུང་ཟི། ཞིང་ཆེན་བོད་སྨན་ཁང་། མཚོ་སྔོན་སློབ་ཆེན་མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་སོགས་སུ་སོང་ནས་རྟོག་ཞིབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་ཐང་ཀྲུང་གོའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་རིག་གནས་རྒྱུན་འཛིན་གོང་སྤེལ་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས། སྤེལ་བཞིན་པའི་བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱས་ཤིང་། རྒྱུན་འཛིན་གསར་གཏོད་ཁྲོད་ནས་བོད་ཀྱི་གསོ་རིག་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མཐོ་སྒང་གསོ་རིག་གིས་མཚོ་སྔོན་ཚན་རྩལ་གསར་གཏོད་དེ་སྐས་རིམ་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་འགྲོ་བར་སྣེ་ཁྲིད་བྱེད་དགོས་པ་ནན་གྱིས་བསྟན།
ཁྲིན་ཀང་མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་ཁང་གི་བོད་ཀྱི་གསོ་རིག་བརྗོད་དོན་ཁང་དུ་སོང་ནས། བོད་ཀྱི་གསོ་རིག་ལོ་རྒྱུས་དང་སྨན་ཐང་དཔྱད་ཆས། གནའ་དཔེ་ཡིག་ཆ། སྐར་རྩིས་རིག་པ། གསོ་རིག་ཁམས་གསོ། བོད་སྨན་དཔེ་གཞིའི་འགྲེམ་སྟོན་བཅས་ལ་བལྟས་པ་དང་། ཨ་རུ་བོད་སྨན་མ་རྐང་ཚད་ཡོད་ཀུང་ཟིའི་ཐོན་སྐྱེད་འཁོར་ཁང་དུ་སོང་ནས། སྨན་རྫས་ཀྱི་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་ཚོང་གཉེར་གནས་ཚུལ་དྲིས་པར་མ་ཟད། ཞིང་ཆེན་བོད་སྨན་ཁང་གི་འབྲེལ་ཡོད་ཚན་ཁག་ཏུ་སོང་ནས་བོད་སྨན་གྱི་སྡེབ་སྦྱོར་དང་སྨན་ལུམས་ཁྱད་ལྡན་ཆེད་དོན་ཚན་ཁག་གི་འཛུགས་སྐྲུན། ཕྱི་ནད་གསོ་བཅོས་བྱེད་ཐབས་རྒྱུན་འཛིན་འཕེལ་རྒྱས་སུ་བཏང་བའི་གནས་ཚུལ་བཅས་ལ་རྒྱུས་ལོན་བྱས། ཁྲིན་ཀང་གིས་བསྟན་དོན། བོད་ལུགས་གསོ་རིག་དང་བོད་སྨན་ནི་མེས་རྒྱལ་གྱི་མི་རིགས་གསོ་རིག་སྨན་རྫས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། མཐོ་སྒང་མི་དམངས་ཀྱི་བདེ་ཐང་ལ་འགན་སྲུང་བྱེད་པའི་ཐད་བྱས་རྗེས་གལ་ཆེན་བཞག་ཡོད་པ་དང་། བོད་ཀྱི་གསོ་རིག་སྨན་རྫས་རིག་གནས་ཤུགས་ཆེན་པོས་དར་སྤེལ་དང་། དག་སྲུང་གསར་གཏོད་ཀྱིས་བོད་ལུགས་གསོ་རིག་དང་བོད་སྨན་ལས་དོན་འཕེལ་རྒྱས་སུ་གཏོང་བ་དང་། མདོ་དབུས་མཐོ་སྒང་གི་ཐུན་མིན་ཐོན་ཁུངས་ལ་བརྟེན་ནས་ཧུར་ཐག་སྒོས་བོད་ལུགས་གསོ་རིག་གི་གཞུང་ལུགས་དང་སྨན་བཅོས་བྱེད་ཐབས་གསར་གཏོད་བྱེད་པར་སྐུལ་འདེད་བཏང་སྟེ། བོད་སྨན་གྱི་རྨང་གཞིའི་ཞིབ་འཇུག་དང་སྨན་རྫས་གསར་པའི་ཞིབ་འཇུག་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཐོན་སྐྱེད་ཁེ་ལས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས། མཉམ་འབྲེལ་དྲ་རྒྱའི་བསམ་ཕྱོགས་ཀྱིས་བོད་ལུགས་གསོ་རིག་དང་བོད་སྨན་མཐོ་སྒང་ལས་བུད་དེ་འཛམ་གླིང་ལ་བསྐྱོད་པ་དང་། བདེ་ཐང་ཀྲུང་གོའི་འཛུགས་སྐྲུན་ཆེད་དུ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཐུན་མོང་ཁྱད་སྟོབས་འདོན་སྤེལ་བྱེད་དགོས་ཟེར།
མཚོ་སྔོན་སློབ་ཆེན་མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་སུ། ཁྲིན་ཀང་གིས་མཐོ་སྒང་གསོ་རིག་གི་སྣེ་ཁྲིད་པ་དགེ་རྒན་ཆེན་མོ་གུ་རུ་ལེ་དང་བརྗེ་རེས་ཟབ་མོ་བྱས་ཏེ། མཐོ་སྒང་གསོ་རིག་གི་རིམ་པ་དང་པོའི་ཁྱད་ལྡན་བསླབ་ཚན་འཛུགས་སྐྲུན་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། དབྱང་གནོན་དམའ་བའི་ཁང་བ་དང་ཀྲུང་བོད་ལུགས་སྨན་རྫས་ཀྱི་ཞིབ་འཇུག་ཁང་། ཆ་རྡུལ་སྐྱེ་དངོས། སྤྲི་དཀར་བཟོ་སྐྲུན་ཞིབ་འཇུག་ཁང་གི་ཚན་རིག་ཞིབ་འཇུག་བྱ་བའི་གནས་ཚུལ་སོགས་ལ་ལྟ་ཞིབ་བྱས། ཁྲིན་ཀང་གིས་བསྟན་དོན། རབས་རེ་རེའི་མཐོ་སྒང་གསོ་རིག་ཞིབ་འཇུག་བྱ་བ་བྱེད་མཁན་གྱིས་མེས་རྒྱལ་དང་མཐོ་སྒང་། མི་དམངས་བཅས་ལ་དགའ་ཞེན་ཆེན་པོ་བཅངས་ནས། སུན་པ་མེད་པར་མཐོ་སྒང་གི་གསོ་རིག་ལས་དོན་ཁྲོད་ཞུགས་པ་དང་། རྒྱལ་སྤྱིའི་ཚན་རིག་གི་མདུན་གྲལ་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་པ་ནི་མཚོ་སྔོན་གྱི་ང་རྒྱལ་ཡིན་པར་མ་ཟད། ན་གཞོན་ཚན་རིག་ཞིབ་འཇུག་མི་སྣས་དུས་ཚོད་དམ་འཛིན་དང་དོན་དངོས་ལ་རྐང་བཙུགས་ནས་བདེ་བླག་ངང་འཚར་ལོངས་བྱུང་སྟེ། མཐོ་སྒང་གི་གསོ་རིག་ལས་དོན་ཐད་སྔར་ལས་ཆེ་བའི་བྱས་རྗེས་འཇོག་པར་སྐུལ་མ་བཏང་ཡོད་ཟེར། ཁྲིན་ཀང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ལ་བཅངས་པའི་བརྩེ་བ་ཟབ་མོ་དེ་མང་ཚོགས་བདེ་ཐང་ཡོང་བར་བྱེད་པའི་དོན་དངོས་འགུལ་སྐྱོད་དུ་བསྒྱུར་ནས། སེམས་རྣལ་དུ་ཕབ་ནས་ཚན་རིག་ཞིབ་འཇུག་ཁྲོད་ཞུགས་པ་དང་། ཤུགས་ཆེན་པོས་རིག་ཚན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ས་གནས་རང་གི་འཇོན་མིའི་དཔུང་སྡེ་གསོ་སྐྱོང་བྱེད་པ། ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་འཕར་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ། ཐོན་ཁུངས་ལེགས་སྒྲིག་བྱས་ནས་མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། དམངས་ཁྲོད་དང་རྒྱལ་སྤྱིའི་བརྗེ་རེས་ཤུགས་ཚད་ཇེ་ཆེར་གཏོང་བ། རྒྱུན་ཆད་མེད་པར་ཞིབ་འཇུག་ཕྱོགས་བསྡུས་སྟོབས་ཤུགས་མཐོར་འདེགས་བྱས་ཏེ། ཧུར་ཐག་སྒོས་མཐོ་སྒང་གསོ་རིག་ལ་མཚོ་སྔོན་ནས་གཡུར་དུ་ཟ་བའི་གྲུབ་འབྲས་མང་བོ་ཐོབ་པར་བྱེད་དགོས་ཟེར།
ཀྲུའུ་ཞང་ཧྥུན་དང་། ཧི་ལུའུ་ཁྲུན་གཉིས་ཀྱིས་མཉམ་དུ་རྟོག་ཞིབ་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།