ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་བཀོད་སྒྲིག་ལྟར། ཟླ་དྲུག་པའི་ཚེས་གཉིས་ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་མཚོ་སྔོན་གྱི་མི་རིགས་བྱ་བའི་རྣམ་པ་གསར་བ་བསྐྲུན་པ་ཞེས་པ་བརྗོད་དོན་དུ་བྱས་ནས་ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པར་ཆེད་དོན་ཏང་གི་སློབ་ཁྲིད་བྱས།
མགོན་པོ་བཀྲ་ཤིས་ཀྱིས་རང་སྟེང་གི་སློབ་སྦྱོང་དང་བསམ་གཞིགས་ལ་ཟུང་འབྲེལ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གོ་རིམ་དང་དེའི་ལོ་རྒྱུས་རྒྱབ་ལྗོངས། དོན་སྙིང་གལ་ཆེན། ལག་བསྟར་བྱེད་ཕྱོགས་སོགས་ཕྱོགས་ནས་གསོན་ཉམས་ལྡན་པའི་དངོས་དཔེ་དང་གཞི་གྲངས་དངོས། ཉམས་དགའ་བའི་སྐད་ཆར་བརྟེན་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བར་གསོན་ཉམས་ལྡན་པའི་ངང་གསལ་བཤད་དང་མ་ལག་རང་བཞིན་གྱི་གསལ་འགྲེལ་བྱས། མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་གསར་གཏོད་རང་བཞིན་གྱི་ཆོད་གཏམ་ཡིན་ལ། རང་རེའི་རྒྱལ་ཁབ་ཀྱི་འདྲ་མཉམ་དང་མཐུན་སྒྲིལ། ཕན་ཚུན་རོགས་འདེགས་བྱེད་པ། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ། ཏང་གི་མི་རིགས་བྱ་བའི་རྣམ་པ་གསར་པ་གཏོད་པར་དོན་སྙིང་གལ་ཆེན་ལྡན། མཚོ་སྔོན་ནི་ཀྲུང་ཧྭ་མི་རིགས་ཀྱིས་བརྗེ་རེས་འབྲེལ་འདྲིས་བྱེད་པའི་ས་ཁུལ་གཙོ་བོ་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་གཅིག་གྱུར་གྱི་བསྡུས་གཟུགས་ཤིག་ཡིན། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་ཀྱིས་མཚོ་སྔོན་གྱི་དངོས་ཡོད་གནས་ཚུལ་ནས་བརྩམས་ཏེ་སྲིད་གྲོས་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མུ་མཐུད་སྲ་བརྟན་དུ་གཏོང་བ་སོགས་ཀྱི་ཕྱོགས་ལ་བློ་འདོན་ཇུས་འབུལ་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་ཕུལ།
མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོ་ཐིག་ཏུ་བྱས་ནས་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བ་སོ་སོར་རོགས་འདེགས་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་དོན་འཁྱོལ་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཡིན་ལ། ཞིང་ཆེན་སྲིད་གྲོས་ཀྱིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་བྱེ་བྲག་གི་འགུལ་སྐྱོད་ཀྱང་ཡིན། སྲིད་གྲོས་རིམ་པ་སོ་སོའི་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་བཅོས་སྒྱུར་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ཕུན་སུམ་ཚོགས་པའི་ནང་དོན་དང་ལག་བསྟར་བླང་བྱར་གོ་བ་གཏིང་ཟབ་ལེན་པ། སྲིད་གྲོས་ཨུ་ཡོན་དང་མང་ཚོགས་ལ་སློབ་གསོ་གཏོང་བ་དང་སྣེ་ཁྲིད་བྱས་ནས་ཁ་འབྲལ་ཐབས་མེད་པ་གསུམ་དང་ཐུན་མོང་བཞི། མོས་མཐུན་ལྔ་བཅས་མུ་མཐུད་སྲ་བརྟན་དུ་གཏོང་དགོས། བརྗོད་དོན་སློབ་གསོ་གོ་སྐབས་སུ་བརྩིས་ནས་སྲིད་གྲོས་ཆེད་དོན་གྲོས་མོལ་ལས་ཁུངས་དང་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་བྱེད་ནུས་ངེས་གནས་ལ་རྐང་བཙུགས་ནས་འཇོན་མི་མང་བ་དང་བློ་གྲོས་འཛོམས་པ། འབྲེལ་བ་རྒྱ་ཆེ་བའི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བར་ཞིབ་འཇུག་ཟབ་མོ་བྱེད་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་དྲིལ་སྒྲོག་སློབ་གསོའི་ཤུགས་ཚད་ཆེ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་བྱེད་སྒོའི་རྣམ་པ་གསར་གཏོད་བྱེད་པའི་སྟེང་ཤུགས་སྣོན་པ་དང་ཕན་འབྲས་དངོས་ཐོན་པར་བྱས་ནས་རྒྱུན་མཐུད་ངང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་བསྐྲུན་པར་རོགས་འདེགས་བྱེད་པར་ངོས་འཛིན་གཅིག་མཐུན་དང་མཉམ་ཤུགས་གྲུབ་པར་བྱེད་དགོས།
ཐེན་ཁུའེ་དང་ལིའུ་ཏ་ཡེ་གྲོས་ཚོགས་ལ་ཞུགས།
མི་ཕམ་མགོན་པོས་བསྒྱུར།