བསྟུད་མར་ཉིན་འགའི་རིང་ལ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་རྒྱུན་འཛིན་གོང་སྤེལ་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་བྱས། ཚང་མས་མགོ་ཚུགས་ས་གསར་པའི་སྟེང་རིག་གནས་ཀྱི་གདེང་ཚོད་ཇེ་བརྟན་དུ་གཏོང་བ་དང་། སྒོ་འབྱེད་དཀྱེལ་ཡངས་རྒྱུན་འཁྱོངས་བྱེད་པ། དག་སྲུང་གསར་གཏོད་མཐའ་འཁྱོངས་བྱས་ཏེ་ང་ཚོའི་དུས་རབས་འདིར་དབང་བའི་རིག་གནས་གསར་པ་གཏོད་རྒྱུར་མཉམ་དུ་འབད་བརྩོན་བྱེད་དགོས་ཟེར།
རིག་གནས་རྒྱུན་འཛིན་གོང་སྤེལ་བཞུགས་མོལ་ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་རྒྱུས་ཀྱི་མགོ་འཛུགས་ས་གསར་པའི་སྟེང་རིག་གནས་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་རིག་འཛུགས་སྐྱོང་བྱེད་པ་བཅས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་དགོས་ཤིང་། རིག་གནས་ཀྱི་གདེང་ཚོད་ཇེ་བརྟན་དུ་གཏོང་བ་དང་། རང་ཉིད་ཀྱི་བགྲོད་ལམ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་ལོ་རྒྱུས་ལག་ལེན་དང་དེང་རབས་ཀྱི་ལག་ལེན་ལ་གཞི་ཚུགས་པ། ཀྲུང་གོའི་གནས་ལུགས་ལ་བརྟེན་ནས་ཀྲུང་གོའི་ཉམས་མྱོང་ཕྱོགས་སྡོམ་ཡག་པོ་བྱེད་པ།ཀྲུང་གོའི་ཉམས་མྱོང་དེ་ཀྲུང་གོའི་རིགས་པའི་གཞུང་ལུགས་ལ་བརྩིས་ནས་བསམ་བློའི་སྟེང་གི་རང་བཙན་རང་བདག་མངོན་འགྱུར་ཡོང་བར་བྱེད་དགོས་ཞེས་གསུངས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྒོ་འབྱེད་དཀྱེལ་ཡངས་རྒྱུན་འཁྱོངས་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་བསྒྱུར་རྒྱུ་རྒྱུན་འཁྱོངས་བྱེད་པ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་བ། ཕྱི་ཡོང་རིག་གནས་རང་ས་ཅན་དུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱུན་ཆད་མེད་པར་སྐྱེད་སྲིང་དང་གསར་གཏོད་བྱེད་དགོས། ཚང་མས་རྒྱལ་ཁབ་རང་དང་མི་རིགས་རང་གི་ལོ་རྒྱུས་དང་རིག་གནས་ཀྱི་ཞིང་ས་གཤིན་པོ་ཞིག་ཏུ་རྩ་བ་ཚུགས་པ་ཡིན་ན། ད་གཟོད་མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་སྡོང་པོར་གཞི་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ཐུབ་པར་ངོས་འཛིན་གཏིང་ཟབ་བྱུང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། དག་སྲུང་གསར་གཏོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དག་སྲུང་གསར་གཏོད་ཀྱི་སྲོལ་བཟང་དང་ངར་ཤུགས་བསྐྱེད་ནས་ལོ་རྒྱུས་ཀྱི་རིག་གནས་རྒྱུན་འཛིན་བྱས་ཏེ་དེང་རབས་ཀྱི་ལེའུ་འབྲི་དགོས་ཟེར།
ཤ་བོ་གསེར་མཚོས་བསྒྱུར།