ཝང་ཧུའུ་ཉིང་གིས་འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།
2023.06.07 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 14

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས་དྲུག་ཉིན་པེ་ཅིང་དུ་འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་གི་མཉམ་འབྲེལ་ཀྲུའུ་ཞི་ཁི་ལིན་པེ་ཨར་གྱིས་སྣེ་ཁྲིད་པའི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཝང་ཧུའུ་ཉིང་གིས་འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་གིས་ལོ་ངོ་མང་པོའི་རིང་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཧུར་ཐག་གིས་བྱས་རྗེས་བཞག་པར་བསྔགས་བརྗོད་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་སྤྱི་ཚོགས་དམངས་གཙོ་ཏང་དང་མཉམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་ཧྲའོ་ཨར་ཚིའི་བར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ནས་ཏང་གཉིས་ཀྱི་རིམ་པ་སོ་སོའི་འགྲོ་འོང་དང་ལམ་སྲོལ་རང་བཞིན་གྱི་བརྗེ་རེས་གཏིང་ཟབ་ཏུ་བཏང་སྟེ། ཏང་བར་གྱི་འགྲོ་འོང་བརྒྱུད་འཕེལ་རྒྱས་ཀྱི་འདུ་ཤེས་བརྗེ་རེས་དང་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བ། མཛའ་གྲོགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་བྱས་ནས་མཉམ་དུ་གོ་སྐབས་དམ་འཛིན་དང་འགྲན་སློང་ལ་ཁ་གཏད་འཇལ་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་འཇར་མན་བར་གྱི་བརྗེ་རེས་ལ་ཤུགས་བསྣན་ནས་མིའི་རིགས་ཀྱི་ཆབ་སྲིད་ཤེས་རིག་མཉམ་དུ་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཅེས་གསུངས།

ཁི་ལིན་པེ་ཨར་གྱིས་བསྟན་དོན། འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་གིས་ཀྲུང་གོ་གུང་ཁྲན་ཏང་དང་ལོ་ངོ་བཞི་བཅུ་ཙམ་གྱི་རིང་ཐོག་མཐའ་བར་གསུམ་དུ་བརྗེ་རེས་དང་འབྲེལ་གཏུག་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཡོད་ལ། རྒྱལ་སྤྱིའི་གནས་བབ་ཀྱི་འགྱུར་ལྡོག་གལ་ཆེན་ལ་དམིགས་ཏེ་ཏང་གཉིས་ཀྱིས་བརྗེ་རེས་གཏིང་ཟབ་དང་། ཕན་ཚུན་རྒྱུས་ལོན་དང་ཕན་ཚུན་ཡིད་ཆེས། མི་མཐུན་པའི་ཆ་དོ་དམ་ཚོད་འཛིན་བྱས་ནས་འཇར་མན་དང་ཀྲུང་གོའི་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་རེ་སྒུག་བྱེད་ཀྱིན་ཡོད་ཟེར།

ཧྲི་ཐའེ་ཧྥིན་དང་ཝང་ཏུང་ཧྥིན་སོགས་མཇལ་འཕྲད་ལ་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།