ཞི་ཅིན་ཕིང་གིས་ནང་སོག་པཱ་ཡན་ནའོ་ཨར་དུ་རྟོག་ཞིབ་མཛད།
2023.06.07 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 258

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་སྔོན་ནང་སོག་རང་སྐྱོང་ལྗོངས་ཀྱི་པཱ་ཡན་ནའོ་ཨར་གྲོང་ཁྱེར་དུ་རྟོག་ཞིབ་མཛད་པ་དང་། མགོ་འཛིན་མཛད་དེ་བྱེ་འགྱུར་ཅན་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་དང་བྱང་གསུམ་སོགས་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། བྱེ་འགྱུར་ཅན་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་དང་བྱང་གསུམ་སོགས་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དེ་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་དང་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན། ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་བཅས་ལ་འབྲེལ་བ་ཡོད་ཅིང་། དེང་ལ་བྱས་རྗེས་བཞག་ན་བསྐལ་བརྒྱར་ཕན་འབྲས་འབྱུང་བའི་བླ་མེད་བྱ་གཞག་ཅིག་ཡིན་པས། འགན་འཁྲི་ཁུར་དུ་ལེན་པ་དང་དཀའ་སྡུག་ལ་མི་འཛེམ་པར། ཧུར་ཐག་སྒོས་དུས་རབས་གསར་པའི་ཀྲུང་གོའི་བྱེ་འགོག་བྱེ་བཅོས་ཀྱི་ཁྱད་མཚར་གསར་བ་གསར་དུ་གཏོད་པ་དང་། མེས་རྒྱལ་གྱི་བྱང་མཐའི་སྤྱི་ལེ་ཁྲི་ཡི་ལྗང་མདོག་གི་འགོག་ར་སྲ་བརྟན་དུ་བྱས་ཏེ། མཛེས་པའི་ཀྲུང་གོའི་འཛུགས་སྐྲུན་ཐད་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་དགོས།

ཟླ6པའི་ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནང་སོག་རང་སྐྱོང་ལྗོངས་ཀྱི་པཱ་ཡན་ནའོ་ཨར་གྲོང་ཁྱེར་དུ་མགོ་འཛིན་མཛད་དེ་བྱེ་འགྱུར་ཅན་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་དང་བྱང་གསུམ་སོགས་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཚེས་ལྔ་ཉིན་ནས་ཚེས་དྲུག་ཉིན་བར། ཞི་ཅིན་ཕིང་གིས་ནང་སོག་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་སུང་ཧྲའོ་ཁྲིན་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་ཝང་ལིས་ཞཱ་ཡི་འགྲོ་རོགས་འོག པཱ་ཡན་ནའོ་ཨར་གྲོང་ཁྱེར་གྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་དང་དེང་རབས་ཅན་གྱི་ཞིང་ལས་དཔེ་སྟོན་ར་བ། ནགས་ར། ཆུ་བེད་སྡེ་ཁག་སོགས་སུ་ཕེབས་ནས་རྟོག་ཞིབ་མཛད།

ཚེས5ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཝུའུ་ལེང་སུའུ་མཚོ་རུ་རྟོག་ཞིབ་མཛད་བཞིན་པ།

ཚེས5ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཝུའུ་ལེང་སུའུ་མཚོ་རུ་རྟོག་ཞིབ་མཛད་བཞིན་པ།

རྨ་ཆུའི་དཀྱོགས་མཚམས་ཆེན་མོའི་ཡང་སྟེང་དུ་གནས་པའི་ཝུའུ་ལིང་སོ་མཚོ་ནི་རྨ་ཆུའི་བཞུར་བརྒྱུད་ཀྱི་ཆེས་ཆེ་བའི་མཚེའུའི་བརླན་ས་ཡིན་པ་དང་། རྨ་ཆུའི་བཞུར་རྒྱུན་སྙོམས་སྒྲིག་དང་ཆུ་སྤུས་དག་སྒྱུར། ཆུ་ལོག་སྔོན་འགོག་སོགས་ཀྱི་བྱེད་ནུས་གལ་ཆེན་ཁུར་དུ་བླངས་ཡོད་ལ། རང་རྒྱལ་བྱང་ཕྱོགས་ཀྱི་སྐྱེ་ཁམས་བྱེད་ནུས་ས་ཁུལ་མང་བོ་གཅིག་འདྲེས་ཀྱི་ས་ཁུལ་ཞིག་ཡིན་ལ། པེ་ཅིང་དང་ཐེན་ཅིན་གྱི་བྱེ་རླུང་འབྱུང་ཁུངས་ཚོད་འཛིན་བྱེད་པའི་རང་བྱུང་སྐྱེ་ཁམས་ཀྱི་འགོག་སྒྲིབ་ཅིག་ཡིན། ཚེས་ལྔ་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གནས་དེར་ཕེབས་ཏེ། ས་དེས་རི་ཆུ་ནགས་གསུམ་དང་། ཞིང་ས། མཚེའུ། རྩྭ་ཐང་། བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་ལྡན་པའི་བཅོས་སྐྱོང་། སྐྱེ་ཁམས་ཁོར་ཡུག་སླར་གསོར་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་མཛད་པ་དང་། ཝུའུ་ལིང་སོ་མཚོ་ཁུལ་གྱི་རང་བྱུང་མཛེས་ལྗོངས་དང་ཉེ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་ལ་གཟིགས་ཞིབ་མཛད། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཝུའུ་ལིང་སོ་མཚོ་མོའི་འབབ་རྒྱུད་ཀྱི་བཅོས་སྐྱོང་བྱ་བ་བཟང་བོར་སྒྲུབ་པ་དེ་རང་རྒྱལ་བྱང་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན། ཝུའུ་ལིང་སོ་མཚོ་མོའི་བཅོས་སྐྱོང་དང་སྲུང་སྐྱོབ་ཀྱི་ཁ་ཕྱོགས་ཡང་དག་ཡིན་ལ། སེམས་ཞིབ་མོས་བཅོས་སྐྱོང་དང་སྲུང་སྐྱོབ་བྱས་ནས་རྒྱུན་འཁྱོངས་ལྷོད་མེད་དང་ཡུན་རིང་བྱས་རྗེས་བཞག་སྟེ། བྱང་མཐའི་མུ་ཏིག་དེར་སྲུང་སྐྱོབ་གང་ལེགས་བྱས་ནས། བུ་རབས་ཚ་རྒྱུད་ལ་རི་སྔོ་བ་དང་། ཆུ་དྭངས་པ། མཁའ་དབུགས་གཙང་བའི་མཛེས་སྡུག་གི་ཁྱིམ་གཞིས་ཤིག་འཇོག་དགོས།

ཚེས5ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཝུའུ་ལེང་སུའུ་མཚོ་མོའི་ལྷོ་འགྲམ་གྱི་དེང་རབས་ཞིང་ལས་དཔེ་སྟོན་གླིང་དུ་རྟོག་ཞིབ་མཛད་བཞིན་པ།

ཚེས5ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཝུའུ་ལེང་སུའུ་མཚོ་མོའི་ལྷོ་འགྲམ་གྱི་དེང་རབས་ཞིང་ལས་དཔེ་སྟོན་ར་བ་རུ་རྟོག་ཞིབ་མཛད་བཞིན་པ།

དེའི་རྗེས་སུ། ཞི་ཅིན་ཕིང་ཝུའུ་ལིང་སོ་མཚོ་མོའི་ལྷོ་འགྲམ་གྱི་དེང་རབས་ཞིང་ལས་དཔེ་སྟོན་ར་བར་ཕེབས་ཏེ། ས་རྒྱུ་དང་ས་བོན་གྱི་རིགས་སྣ་སོགས་འགྲེམ་སྟོན་བྱས་པར་གཟིགས་པ་དང་། ས་དེར་བ་ཚྭ་ཅན་གྱི་བྱེ་ཐང་ལེགས་སྒྱུར་དང་ཕྱོགས་བསྡུས་བེད་སྤྱོད་བྱེད་པའི་བྱ་བ་སྤེལ་བ་དང་། ཚན་རིག་ལྟར་ཆུ་བཏང་ནས། དེང་རབས་ཅན་གྱི་ཞིང་ལས་ཁྱབ་གདལ་དུ་བཏང་བར་ཁས་ལེན་མཛད། ཞི་ཅིན་ཕིང་ཞིང་ཁར་ཕེབས་ནས་གྲོ་དང་སི་པན་གྱི་སྐྱེ་སྟོབས་ལ་ཞིབ་ཏུ་གཟིགས་པ་དང་། ཡུལ་དངོས་ཀྱི་ཞིང་ལས་ལག་རྩལ་མི་སྣར་ཚད་གཞི་མཐོ་བའི་ཞིང་སའི་འཛུགས་སྐྲུན་གནས་ཚུལ་དྲིས། ཁོང་གིས་བསྟན་དོན། དཔེ་སྟོན་ར་བས་དེང་རབས་ཅན་གྱི་ཞིང་ལས་ཁྱབ་གདལ་དུ་གཏོང་བའི་ཐད་ནུས་པ་འདོན་སྤེལ་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ནས། གནས་དེར་འཚམ་པའི་རིགས་སྣ་དང་ལག་རྩལ། རྨོ་འདེབས་བཅས་ཀྱི་བྱེད་ཐབས་བཙལ་ནས། མ་རྩ་ཇེ་དམའ་རུ་གཏོང་བ་དང་ཕན་འབྲས་ཇེ་མཐོར་བཏང་སྟེ་ཁྱབ་གདལ་དུ་བཏང་ཆོག་པའི་ཉམས་མྱོང་ཆགས་པར་བྱེད་དགོས། གཙང་ཁུགས་ས་ཁུལ་དུ་ཐུན་མོང་མ་ཡིན་པའི་ཆ་རྐྱེན་ལྡན་པ་དང་། ཆུ་དཀོན་ཡང་ཆུའི་ཐོན་ཁུངས་གྲོན་ཆུང་བྱས་ཏེ། ཤུགས་ཆེན་པོས་དེང་རབས་ཀྱི་ཕན་ནུས་མཐོ་བའི་ཞིང་ལས་དང་ཆུ་གྲོན་ཆུང་གི་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས། སྤྱི་ཕྱོགས་ནས་བལྟས་ན་ནང་སོག་རྩྭ་ཐང་དུ་ཕྱུགས་ཟོག་འཚོ་ཚད་ལས་བརྒལ་ཡོད་པས་སོར་ཆུད་སྐྱེ་འཕེལ་ལ་མཉམ་འཇོག་བྱེད་དགོས།

ཚེས་དྲུག་ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ལིན་ཧི་ས་ཁུལ་གྱི་རྒྱལ་གཉེར་ཞིན་ཧྭ་ནགས་ར་རུ་རྟོག་ཞིབ་མཛད་བཞིན་པ།

ཚེས་དྲུག་ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ལིན་ཧི་ས་ཁུལ་གྱི་རྒྱལ་གཉེར་ཞིན་ཧྭ་ནགས་ར་རུ་རྟོག་ཞིབ་མཛད་བཞིན་པ།

ཚེས་དྲུག་ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ལིན་ཧི་ས་ཁུལ་གྱི་རྒྱལ་གཉེར་ཞིན་ཧྭ་ནགས་ར་རུ་རྟོག་ཞིབ་མཛད་བཞིན་པ།

ཚེས་དྲུག་ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ལིན་ཧི་ས་ཁུལ་གྱི་རྒྱལ་གཉེར་ཞིན་ཧྭ་ནགས་ར་རུ་རྟོག་ཞིབ་མཛད་བཞིན་པ།

ཚེས་དྲུག་ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ལིན་ཧི་ས་ཁུལ་གྱི་རྒྱལ་གཉེར་ཞིན་ཧྭ་ནགས་རར་ཕེབས་ཏེ། བྱང་གསུམ་འགོག་སྲུང་ནགས་རའི་མ་ལག་བཟོ་སྐྲུན་གྱི་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་བྱས། 1978ལོ་ནས་བཟུང་། ནགས་ར་དེས་རྨོ་ཞིང་བ་ཚྭ་ཅན་ལས་བཟོས་པའི་ས་ཞིང་བྱེ་འགྱུར་གྱི་གནད་དོན་ལ་ཤུགས་ཆེན་པོས་བཅོས་སྐྱོང་བྱས་པ་དང་། རིམ་བསགས་ཀྱིས་ས་མུའུ་ཁྲི་གསུམ་དང་སྟོང་དགུ་ལ་སྡོང་འཛུགས་བྱས་ཡོད། ནགས་ར་ནས་ཞི་ཅིན་ཕིང་གིས་ནང་སོག་གི་བྱང་གསུམ་བཟོ་སྐྲུན་འཛུགས་སྐྲུན་དང་ནག་རའི་བྱེ་འགོག་སྡོང་འཛུགས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས་པར་གསན་པ་དང་། ཡུལ་དངོས་ནས་བྱེ་ཐང་བཅོས་སྐྱོང་བྱེད་པར་རྟོག་ཞིབ་མཛད། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིའི་རིགས་སྔར་ལས་ལྷག་པའི་སྒོ་ནས་འཚོ་སྡོད་དང་འཕེལ་རྒྱས་སུ་འགྲོ་དགོས་ན་ངེས་པར་དུ་བྱེ་འགོག་བཅོས་སྐྱོང་བྱེད་དགོས། བྱང་གསུམ་འགོག་སྲུང་ནགས་ཚལ་གྱི་མ་ལག་འཛུགས་སྐྲུན་ལྟ་བུའི་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་དེ། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག་ད་གཟོད་ལེགས་འགྲུབ་འབྱུང་ཐུབ། ཞིང་གསུམ་ས་ཁུལ་གྱི་སྐྱེ་ཁམས་ཧ་ཅང་ཉམ་ཞན་ཡིན་ལ། བྱེ་འགོག་བཅོས་སྐྱོང་ནི་དུས་ཡུན་རིང་བོའི་ལོ་རྒྱུས་ལས་འགན་ཡིན་པས། ང་ཚོས་ངེས་པར་དུ་བྱ་བ་དེ་དམ་འཛིན་བྱས་ནས་ང་ཚོའི་མེས་པོ་དང་རྗེས་རབས་པར་ངོ་གནོང་མི་དགོས་པར་བྱེད་དགོས། ནགས་རའི་བྱ་བར་དཀའ་སྡུག་ཆེ་ཡང་ཕན་འབྲས་ཀྱང་བཟང་བས། མུ་མཐུད་དུ་བཟང་བོར་སྒྲུབ་དགོས། ཚན་རིག་ཞིབ་འཇུག་བྱ་བ་བྱེད་མཁན་གྱིས་ས་བབ་དང་མཐུན་པའི་དཔྱད་རྩོམ་བྲིས་ནས་ལག་ལེན་ཁྲོད་ནས་ཆགས་པའི་ཤེས་ཡོན་ཡང་དག་དཔྱད་རྩོམ་དུ་བསྒྱུར་དེ། ཏང་དང་མི་དམངས་ལ་མཁོ་བའི་འབུམ་རམས་པ་དང་ཆེད་མཁས་པ་ངོ་མ་བྱེད་དགོས།

ཚེས་དྲུག་ཉིན་གྱི་སྔ་དྲོར། གཙང་ཁུགས་ས་ཁུལ་ཆུ་གཏོང་ཁུལ་གྱི་ཆུའི་བཞུར་ཚད་བརྡ་འཕྲིན་ཅན་གྱི་ཚད་འཇལ་ལྟེ་གནས་སུ་རྟོག་ཞིབ་མཛད་བཞིན་པ།

ཚེས་དྲུག་ཉིན་གྱི་སྔ་དྲོར། གཙང་ཁུགས་ས་ཁུལ་ཆུ་གཏོང་ཁུལ་གྱི་ཆུའི་བཞུར་ཚད་བརྡ་འཕྲིན་ཅན་གྱི་ཚད་འཇལ་ལྟེ་གནས་སུ་རྟོག་ཞིབ་མཛད་བཞིན་པ།

ཚེས་དྲུག་ཉིན་གྱི་སྔ་དྲོར། གཙང་ཁུགས་ས་ཁུལ་ཆུ་གཏོང་ཁུལ་གྱི་ཆུའི་བཞུར་ཚད་བརྡ་འཕྲིན་ཅན་གྱི་ཚད་འཇལ་ལྟེ་གནས་སུ་རྟོག་ཞིབ་མཛད་བཞིན་པ།

ཞི་ཅིན་ཕིང་དེའི་རྗེས་སུ་གཙང་ཁུགས་ཆུ་གཏོང་ཁུལ་གྱི་ཆུའི་བཞུར་ཚད་བརྡ་འཕྲིན་ཅན་གྱི་ཚད་འཇལ་ལྟེ་གནས་སུ་ཕེབས་ནས་རྟོག་ཞིབ་མཛད། གཙང་ཁུགས་ཆུ་གཏོང་ཁུལ་ནི་རང་རྒྱལ་གྱི་ཆུ་གཏོང་ཁུལ་ཆེན་མོ་གསུམ་གྱི་ཡ་གྱལ་ཡིན་པ་དང་། ད་ལྟ་འཐུས་སྒོ་ཚང་བའི་རིམ་པ་བདུན་ཅན་གྱི་ཆུ་གཏོང་མ་ལག་ཆགས་ཡོད། ཞི་ཅིན་ཕིང་གིས་བྱེ་གཞོང་དང་བརྙན་ཡོལ་ཟུང་དུ་འབྲེལ་ནས། ས་དེའི་བརྡ་འཕྲིན་ཅན་གྱི་བྱེད་ཐབས་བེད་སྤྱད་ནས་གཙང་ཁུགས་ཆུ་གཏོང་ཁུལ་གྱི་ཞིབ་ཚགས་ཅན་གྱི་དོ་དམ་ཆུ་ཚད་མཐོར་འདེགས་བཏང་བ་དང་། ཆུའི་ཐོན་ཁུངས་ལྷད་མེད་ནུས་མཐོའི་བེད་སྤྱོད་ལ་སྐུལ་འདེད་བཏང་བ་སོགས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས་པར་གསན། ཞི་ཅིན་ཕིང་གིས་གཙང་ཁུགས་ས་ཁུལ་གྱི་ཆུ་གཏོང་བཟོ་སྐྲུན་ནི་སྟོང་ལོའི་རྨང་གཞིའི་བྱ་གཞག་ཡིན་པས། དེའི་ཐད་སྟོབས་ཤུགས་ཆེན་པོ་བཏོན་པར་ཡང་རིན་ཐང་ཡོད། མུ་མཐུད་དུ་འཐུས་ཚང་དང་མཐོར་འདེགས་བྱས་ནས་ཚན་རིག་ལྟར་ཆུ་བགོ་སྙོམས་སྒྲིག་ཆུ་ཚད་མཐོར་འདེགས་བྱེད་དགོས། ཞོར་དུ་སྣ་མང་ཅན་གྱི་དངུལ་གཏོང་རྐྱེན་སྲོལ་བཙུགས་ནས་གང་ནུས་ཀྱིས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཟབ་ཞུགས་བྱེད་པར་སྐུལ་སློང་བྱེད་དགོས་ཞེས་ནན་གྱིས་བསྟན།

ཚེས་དྲུག་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་པཱ་ཡན་ནའོ་ཨར་གྲོང་ཁྱེར་དུ་ཕེབས་ཏེ། མགོ་འཛིན་མཛད་དེ་བྱེ་འགྱུར་ཅན་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་དང་བྱང་གསུམ་སོགས་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས། རང་བྱུང་ཐོན་ཁུངས་པུའུ་ཡི་པུའུ་ཀྲང་ཝང་ཀོང་ཧྭ་དང་། ནང་སོག་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་སུང་ཧྲའོ་ཁྲིན། ཀན་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲིན། ཉིང་ཞཱ་ཧོས་རིགས་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་ལེང་ཡན་ཧྲུན་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧི་ལིས་ཧྥིན་དང་འབྲེལ་ཡོད་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་འགན་ཁུར་བློ་མཐུན་གྱིས་ཡིག་ཐོག་གི་གཏམ་བཤད་སྤྲད།

ཟླ6པའི་ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནང་སོག་རང་སྐྱོང་ལྗོངས་ཀྱི་པཱ་ཡན་ནའོ་ཨར་གྲོང་ཁྱེར་དུ་མགོ་འཛིན་མཛད་དེ་བྱེ་འགྱུར་ཅན་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་དང་བྱང་གསུམ་སོགས་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཚང་མའི་གཏམ་བཤད་ལ་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གིས་བྱེ་འགྱུར་ཅན་གྱི་བཅོས་སྐྱོང་བྱ་བར་མཐོང་ཆེན་བྱེད་པ་དང་། བྱེ་འགོག་བྱེ་བཅོས་དེ་བྱེ་འགྱུར་ཅན་བཅོས་སྐྱོང་བྱེད་པའི་ལས་འགན་གཙོ་བོར་བྱས་ཏེ། བསྟུད་མར་བྱང་གསུམ་འགོག་སྲུང་ནགས་རའི་མ་ལག་བཟོ་སྐྲུན་གྱི་འཛུགས་སྐྲུན་དང་། རྨོ་སྐྱུར་སྡོང་འཛུགས་རྩྭ་འདེབས། པེ་ཅིང་དང་ཐེན་ཅིན་གྱི་བྱེ་རླུང་འབྱུང་ཁུངས་བཅོས་སྐྱོང་སོགས་ཀྱི་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་སྐོར་ཞིག་ལག་བསྟར་བྱས། ལོ་ངོ་བཞི་བཅུ་ལྷག་ལ་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། རང་རྒྱལ་གྱི་བྱེ་འགོག་བྱེ་བཅོས་བྱ་བར་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ཅིང་། བཅོས་སྐྱོང་ས་ཁུལ་གཙོ་བོར་བྱེ་མས་མི་འདེད་པ་ནས་ལྗང་སྒྱུར་གྱིས་བྱེ་མ་འདེད་པའི་ལོ་རྒྱུས་རང་བཞིན་གྱི་དཀྱོགས་མཚམས་མངོན་འགྱུར་བྱུང་ཡོད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ལེགས་བཅོས་ཐད་རྣམ་པ་བཟང་བོ་བྱུང་ཡོད་ལ། བྱེ་འགྱུར་ཅན་གྱི་ས་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་སྐྱེ་ཁམས་རྣམ་པར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། བྱེ་འགྱུར་ཅན་དང་ས་ཞིང་བྱེ་འགྱུར་སྣང་ཚུལ་ལེགས་བཅོས་བྱེད་པ་མངོན་འགྱུར་བྱས་པ་དང་། བྱེ་རླུང་གྱི་གནོད་པ་དང་ས་ཆུ་ཤོང་བར་ཕན་ནུས་ལྡན་པའི་ཚོད་འཛིན་ཐེབས་ཡོད་ལ། བྱེ་འགོག་བྱེ་སྐྱོང་གི་བཅའ་ཁྲིམས་ཁྲིམས་སྲོལ་མ་ལག་ཉིན་རེ་བཞིན་འཐུས་ཚང་དུ་བཏང་སྟེ། ལྷད་མེད་དམངས་ཕན་གྱི་ནུས་པ་མངོན་གསལ་དུ་གྱུར་ནས། བྱང་གསུམ་སྙིང་སྟོབས་གསར་སྐྲུན་བྱས་པ་དང་། སྐྱེ་ཁམས་བཅོས་སྐྱོང་གི་རྒྱལ་སྤྱིའི་དཔེ་སྟོན་ཆགས་པར་བྱས་ཡོད། ཏང་ཀྲུང་དབྱང་གི་བྱེ་འགོག་བྱེ་བཅོས་དང་ཁྱད་པར་དུ་བྱང་གསུམ་སོགས་བཟོ་སྐྲུན་འཛུགས་སྐྲུན་གྱི་ཐབས་ཇུས་ནི་ཧ་ཅང་ཡང་དག་ཡིན་པ་དང་། མིག་རྒྱང་རིང་ལ། རང་རྒྱལ་གྱི་རང་བྱུང་ཆོས་ཉིད་ལ་མཐུན་ཞིང་རྒྱལ་ཁབ་ཀྱི་གནས་ཚུལ་ལ་འཚམ་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་བགྲོད་ལམ་ཞིག་ཏུ་བསྐྱོད་པ་ལག་ལེན་དངོས་ལས་བདེན་དཔང་བྱུང་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། བྱེ་འགྱུར་ཅན་ནི་མིའི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པའི་འཛམ་གླིང་ཧྲིལ་བོའི་རང་བཞིན་གྱི་སྐྱེ་ཁམས་གནད་དོན་གལ་ཆེན་ཞིག་ཡིན། རང་རྒྱལ་ནི་འཛམ་གླིང་སྟེང་ཐང་རྒོད་ཅན་ཆེས་ཚབས་ཆེ་བའི་རྒྱལ་ཁབ་གྲས་ཀྱི་གཅིག་ཡིན་ལ། བྱེ་འགྱུར་ས་ཆ་གཙོ་བོ་བྱང་གསུམ་ས་ཁུལ་དུ་གནས་པར་མ་ཟད། བྱེ་འགྱུར་ཅན་གྱི་ས་ཁུལ་དང་དཔལ་འབྱོར་དར་རྒྱས་ཞན་པའི་ས་ཁུལ། གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་སོགས་ཚད་མཐོའི་ཟུང་དུ་འབྲེལ་ཡོད། བྱེ་འགྱུར་ཅན་དང་བྱེ་རླུང་གི་གནོད་འཚེ། ས་ཆུ་ཤོར་བ་བཅས་ལས་བྱུང་བའི་སྐྱེ་ཁམས་གནོད་འཚེ་ཡིས་བྱང་གསུམ་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་བྱེད་བཞིན་ཡོད་ལ། ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་འགྲན་ཡང་སློང་བཞིན་ཡོད། མིག་སྔར་རང་རྒྱལ་གྱི་བྱེ་འགྱུར་ཅན་གྱི་ས་ཆ་བཅོས་སྐྱོང་ཐད་སྤྱི་ཡོངས་ལེགས་སྒྱུར་དང་མགྱོགས་མྱུར་ངང་ལེགས་སྒྱུར་བྱེད་པའི་རྣམ་པ་བཟང་པོ་ཐོན་མོད། འོན་ཀྱང་བྱེ་འགྱུར་ས་ཆའི་རྒྱ་ཁྱོན་ཆེ་བ་དང་། ཁྱབ་རྒྱ་ཆེ་བ། ཚད་གཞི་ལྕི་བ། བཅོས་སྐྱོང་བྱེད་དཀའ་བ་བཅས་ཀྱི་གཞི་རྩའི་གནས་ཚུལ་ལ་ད་དུང་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་མེད། ཉེ་བའི་ལོ་གཉིས་ཀྱི་རིང་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་ནས་རང་རྒྱལ་གྱི་བྱང་ཕྱོགས་སུ་བྱེ་རླུང་གཡུག་ཐེངས་ཇེ་མང་དུ་ཕྱིན་ཡོད། དོན་དངོས་ལ་བལྟས་ན། རང་རྒྱལ་གྱི་བྱེ་འགྱུར་ཅན་འགོག་བཅོས་དང་བྱེ་འགོག་བྱེ་བཅོས་བྱ་བའི་གནས་བབ་སྔར་བཞིན་ཛ་དྲག་ཡིན་པ་གསལ་བཤད་བྱས་ཡོད་པས། ང་ཚོས་བྱེ་འགོག་བྱེ་བཅོས་བྱ་བའི་ཡུན་རིང་རང་བཞིན་དང་དཀའ་ཚེགས་རང་བཞིན། བསྐྱར་ཟློས་རང་བཞིན། གཏན་འཁེལ་མེད་པའི་རང་བཞིན་བཅས་ལ་ངོས་འཛིན་གང་ལེགས་བྱས་ནས་ལངས་གནས་མཐོར་འདེགས་སུ་གཏོང་བ་དང་། ལས་འགན་སྒྲུབ་སེམས་དང་དགོས་གཏུགས་ཀྱི་བསམ་པ་ཇེ་དྲག་ཏུ་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།    ཉིས་སྟོང་ཉེར་གཅིག་ལོ་ནས་ཉིས་སྟོང་སུམ་ཅུ་ལོའི་བར་ནི་བྱང་གསུམ་བཟོ་སྐྲུན་གྱི་དུས་སྐབས་དྲུག་པའི་བཟོ་སྐྲུན་འཛུགས་སྐྲུན་དུས་སྐབས་ཡིན་པ་དང་།   བྱེ་འགོག་བྱེ་བཅོས་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་གནད་འགག་གི་དུས་སྐབས་ཡིན་ལ།   བྱང་གསུམ་བཟོ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཁྲེགས་གཏོར་དུས་སྐབས་ཀྱང་ཡིན་པས།   ཆ་ཚང་ཞིང་ཡང་དག་པ་དང་།  ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་རི་ཆུ་ནགས་ཞིང་དང་མཚེའུ།  རྩྭ་ས། བྱེ་མ་བཅས་ཀྱི་གཞི་གཅིག་ཅན་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་པ།   བྱེ་འགོག་བྱེ་བཅོས་གཙོ་རྒོལ་ཁ་ཕྱོགས་སུ་བྱེད་པ།    བྱང་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ར་བརྟན་པོར་འཛུགས་རྒྱུ་རྩ་བའི་དམིགས་འབེན་དུ་བྱེད་པ།   ཡུལ་བབ་དང་བསྟུན་པ་དང་གནོད་འཚེར་དམིགས་ནས་འགོག་སྲུང་བཀོད་སྒྲིག་བྱེད་པ།   རིགས་བགར་ནས་སྲིད་ཇུས་ལག་བསྟར་བྱེད་པ།    གཅིག་གྱུར་མཐུན་སྦྱོར་ལ་ཤུགས་སྣོན་པ།   གཙོ་གནད་བཅོས་སྐྱོང་འབུར་དུ་ཐོན་པར་བྱེད་པ།   ཕྱོགས་སོ་སོའི་བརྩོན་སེམས་བསྐྱེད་པ་བཅས་བྱས་ནས་ལོ་བཅུ་ཡས་མས་ཀྱི་དུས་ཚོད་སྤྱད་དེ་བྱང་གསུམ་བཟོ་སྐྲུན་གྱི་མཁྲེགས་གཏོར་དམག་འཐབ་རྒྱག་པ་དང་།  བྱང་གསུམ་བཟོ་སྐྲུན་དེ་བྱེད་ནུས་ཆ་ཚང་བ་དང་།  སྲ་ཞིང་བརྟན་པའི་ཞིན་ཅང་བྱང་རྒྱུད་ཀྱི་ལྗང་མདོག་ལྕགས་རི་རིང་བོ་དང་སྐྱེ་ཁམས་བདེ་འཇགས་འགོག་ར་རུ་འཛུགས་སྐྲུན་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན།   མ་ལག་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་རི་ཆུ་ནགས་ཞིང་དང་མཚེའུ།  རྩྭ་ས། བྱེ་མ་བཅས་གཞི་གཅིག་ཅན་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་དགོས།   ནགས་ཚལ་དང་རྩྭ་ཐང་།   བརླན་ས།   བྱེ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོར་གཅིག་གྱུར་འཆར་འགོད་བྱེད་པ་དང་།  བྱེ་བཅོས་དང་ཆུ་བཅོས།  རི་བཅོས་བཅས་ཀྱི་རྒྱུ་རྐྱེན་གཙོ་བོའི་མཐུན་སྦྱོར་དང་དོ་དམ་ལ་ཤུགས་བསྣན་ཏེ་བདེ་ཐང་བརྟན་འཇགས་དང་བྱེད་ནུས་ཆ་ཚང་བའི་ནགས་ཚལ་དང་རྩྭ་ཐང་།  བརླན་ས།  བྱེ་ཐང་བཅས་ཀྱི་སྐྱེ་ཁམས་མ་ལག་གསོ་སྐྱོང་བྱེད་དགོས།  ཁུལ་ཁོངས་ཀྱི་མཉམ་འགོག་མཉམ་བཅོས་ཇེ་དྲག་ཏུ་གཏོང་བ་དང་སྲིད་འཛིན་ཁུལ་ཁོངས་ཀྱི་དབྱེ་མཚམས་མེད་པར་བྱེད་པ།   བྱེ་ཐང་གི་མཐའ་མཚམས་དང་དཀྱིལ་དབུས།  རླུང་རྒྱུ་ཕྱོགས   བྱེ་ཁུངས་ཁུལ་དང་འགྲོ་ལམ་ཁུལ་བཅས་ཀྱི་གཅིག་གྱུར་འཆར་འགོད་ལག་བསྟར་བྱས་ཏེ་གནས་ཐིག་ངོས་གསུམ་ཟུང་འབྲེལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དྲ་རྒྱ་འཛུགས་དགོས།  ཞིང་ནགས་ཕྱུགས་གསུམ་གྱི་ས་ཞིང་བེད་སྤྱོད་སྒྲིག་གཞི་ལེགས་སྒྱུར་བྱེད་པ་དང་རྒྱལ་ཁོངས་བར་སྟོང་སྤྱོད་ཡུལ་གྱི་དོ་དམ་ཚོད་འཛིན་ལག་བསྟར་ནན་མོ་བྱེད་པ།  དགོས་ངེས་ཀྱི་སྐྱེ་ཁམས་བར་སྟོང་འདང་ངེས་བཞག་ནས་རྩ་ཆེ་བའི་རྩྭ་ཐང་དང་ནགས་ཚལ་ལ་སྲུང་སྐྱོབ་བྱེད་དགོས།

ཟླ6པའི་ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནང་སོག་རང་སྐྱོང་ལྗོངས་ཀྱི་པཱ་ཡན་ནའོ་ཨར་གྲོང་ཁྱེར་དུ་མགོ་འཛིན་མཛད་དེ་བྱེ་འགྱུར་ཅན་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་དང་བྱང་གསུམ་སོགས་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། བཅོས་སྐྱོང་གི་གཙོ་གནད་འབུར་དུ་ཐོན་པར་བྱས་ནས་དཔེ་མཚོན་རང་བཞིན་གྱི་གཡུལ་འགྱེད་ཆེན་པོ་གསུམ་ནུས་ཤུགས་ཡོད་རྒུས་སྤེལ་དགོས། རྨ་ཆུའི་ཁུགས་སོའི་མཁྲེགས་གཏོར་གཡུལ་འགྱེད་་ནུས་ཤུགས་ཡོད་རྒུས་སྤེལ་ནས་མའོ་ཝུའུ་སུའུ་བྱེ་ཐང་དང་ཁུའུ་པུའུ་ཆི་བྱེ་ཐང་། ཧི་ལན་རི་བོ་སོགས་གཙོ་གནད་དུ་བཟུང་ནས་ཁོངས་ཡོངས་རང་བཞིན་གྱི་མ་ལག་བཅོས་སྐྱོང་ལས་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། བྱེ་འགྱུར་ས་ཁུལ་མྱུར་དུ་བཅོས་སྐྱོང་བྱས་ནས་གཙང་ཁུགས་ཐང་ཆེན་གྱི་གཙང་བོ་དང་མཚེའུ། བརླན་ས། རང་བྱུང་རྩྭ་ཐང་ལ་སྲུང་སྐྱོབ་དང་སླར་གསོ་བྱས་ནས་བྱེ་འགོག་བྱེ་བཅོས་དང་ཆུའི་ཐོན་ཁུངས་ཀྱི་བསྐྱིལ་གསོག་ནུས་པ་ཇེ་དྲག་ཏུ་གཏོང་དགོས། ནུས་ཤུགས་ཡོད་རྒུས་ཁི་ཨར་ཆིན་དང་ཧུན་ཧྲན་ཏ་ཁུ་བྱེ་ཐང་ཆེན་པོ་གཉིས་བཅོས་སྐྱོང་བྱས་ནས་ཚན་རིག་དང་མཐུན་པའི་ངང་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་བཟོ་སྐྲུན་ལས་གཞིར་བཀོད་སྒྲིག་བྱས་ནས་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་བྱེ་ཐང་སླར་གསོའི་གཡུལ་འགྱེད་ལ་རྒྱལ་ཁ་ལེན་དགོས། ནུས་ཤུགས་ཡོད་རྒུས་རྨ་ནུབ་ཁྱམས་རིང་ནས་ཐཱ་ཁུ་ལཱ་མཱ་ཀན་བྱེ་ཐང་ཉེ་འདབས་ཀྱི་བྱེ་འགོག་བྱ་བ་ལེགས་པར་སྒྲུབ་ནས་མདོ་ལ་རི་བོ་དང་ཐེན་ཧྲན་རི་བོ། ཨར་ཐེ་རི་བོ། ཧི་ལན་རི་བོ། ལིའུ་ཕན་རི་བོ་སོགས་ས་ཁུལ་གྱི་རང་བྱུང་ནགས་རྩྭའི་སྤང་ཤུན་བཀག་གསོ་སྲུང་སྐྱོབ་བྱེད་པ་ཕྱོགས་ཡོངས་ནས་དམ་འཛིན་བྱས་ནས་ནགས་ཚལ་ཞན་འགྱུར་དང་རྩྭ་ཐང་ཞན་འགྱུར་སླར་གསོ་ཡོང་བར་ཤུགས་བསྣན་ནས་བྱེ་ཁོངས་མི་མཆེད་པར་འགན་སྲུང་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཚན་རིག་དང་མཐུན་པའི་ངང་བྱེ་མ་བཅོས་སྐྱོང་བྱེད་པ་དང་བྱེ་འགྱུར་གྱི་སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་འཇགས་རང་བཞིན་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་དགོས། ཆུའི་ཐོན་ཁུངས་ལུགས་མཐུན་ངང་བེད་སྤྱོད་བྱེད་པ་དང་། ཆུའི་གནས་ཚུལ་དང་བསྟུན་ནས་ལྗང་སྒྱུར་དང་ས་གནས། མི། ཐོན་ལས་བཅས་གཏན་ཁེལ་བྱེད་པའི་རྒྱུན་བསྐྱངས་ནས་ཆུའི་ཐོན་ཁུངས་དེ་ཆེས་ཆེ་བའི་ཚད་བཀག་ཏུ་བྱས་ནས་ཆུ་གྲོན་ཆུང་བྱས་ནས་ནགས་རྩྭ་འཕེལ་རྒྱས་སུ་གཏོང་དགོས། ཚན་རིག་དང་མཐུན་པའི་ངང་སྤང་ཤུན་སླར་གསོ་བྱེད་ཐབས་འདེམ་པ་དང་ནགས་རྩྭའི་སྤང་ཤུན་གྱི་རིགས་དང་སྟུག་ཚད་ལུགས་མཐུན་སྒོས་བཀོད་སྒྲིག་བྱེད་པ། སྡོང་རིང་དང་སྡོང་ཐུང་། རྩྭ་བཅས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ནས་རླུང་འགོག་བྱེ་འཇགས་ནགས་དྲ་བསྐྲུན་པ་དང་། ནགས་ཁུལ་དང་རླུང་འགོག་བྱེ་འགོག་གི་ནགས་སྐྲུན་རྩྭ་འདེབས་སོགས་བྱས་ནས་ཡུལ་བབ་དང་བསྟུན་པ་དང་ཚན་རིག་དང་མཐུན་པའི་ངང་ཕན་ནུས་ལྡན་པའི་བཅོས་སྐྱོང་བྱེད་ཐབས་ཁྱབ་གདལ་དུ་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱལ་སྤྱིའི་བརྗེ་རེས་དང་མཉམ་ལས་རྒྱ་ཁྱབ་ངང་སྤེལ་བ་དང་། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱེ་འགྱུར་ཅན་བཅོས་སྐྱོང་སྤྱི་ཆིངས》ལག་ལེན་དུ་བསྟར་བ། འཛམ་གླིང་ཧྲིལ་པོའི་བྱེ་འགྱུར་ཁོར་ཡུག་བཅོས་སྐྱོང་ནང་ཧུར་ཐག་གིས་ཞུགས་པ། མཐའ་འཁོར་རྒྱལ་ཁབ་དང་མཉམ་ལས་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་ཤུགས་སྣོན་པ། རྒྱུད་གཅིག་ལམ་གཅིག་རྒྱལ་ཁབ་ཀྱི་བྱེ་འགྱུར་ཅན་བཅོས་སྐྱོང་ལ་རྒྱབ་སྐྱོར་བྱེད་པ། རྒྱལ་ཁབ་སོ་སོས་སྲིད་ཇུས་བརྗེ་རེས་དང་ཆ་འཕྲིན་མཉམ་སྤྱོད་བྱ་རྒྱུར་སྣེ་ཁྲིད་བྱས་ནས་མཉམ་དུ་བྱེ་རླུང་གི་གནོད་འཚེར་ཁ་གཏད་འཇལ་དགོས།

ཞི་ཅིན་ཕིང་གིས་མཇུག་མཐར་ནན་གྱིས་བསྟན་དོན། བྱང་གསུམ་བཟོ་སྐྲུན་ལག་བསྟར་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཞིག་ཡིན་པས་རྩ་འཛུགས་མགོ་ཁྲིད་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ་དང་། ཀྲུང་དབྱང་གིས་སྤྱི་འདོམས་དང་ཞིང་ཆེན་གྱིས་སྤྱི་འགན་འཁུར་བ། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་བྱེད་པ་བཅས་ཀྱི་བྱ་བའི་རྐྱེན་སྲོལ་རྒྱུན་འཁྱོངས་བྱེད་པ། སྲིད་ཇུས་དང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ། འབྲེལ་ཡོད་གཙོ་གནད་བྱ་བར་སྤྱི་འདོམས་མཛུབ་ཁྲིད་བྱེད་པ། མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། བྱང་གསུམ་བཟོ་སྐྲུན་གྱི་མ་དངུལ་རྒྱབ་སྐྱོར་དང་སྲིད་ཇུས་འདེགས་སྐྱོར་མ་ལག་འཐུས་ཚང་དུ་བཏང་ནས་བརྟན་འཇགས་རྒྱུན་མཐུད་ཀྱི་དངུལ་གཏོང་རྐྱེན་སྲོལ་འཛུགས་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས་འཆར་འགོད་མཐར་ཕྱིན་པ་བཟོ་བ་དང་། གཅིག་རྗེས་གཉིས་མཐུད་ངང་སྒྲུབ་པ། སྙིང་རུས་ལྷོད་མེད་ངང་བྱང་གསུམ་སོགས་གཙོ་གནད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་རང་རྒྱལ་བྱང་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ར་སྲ་བརྟན་དུ་གཏོང་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་ཡིས་མཉམ་དུ་རྟོག་ཞིབ་མཛད་པར་མ་ཟད་བཞུགས་མོལ་ཚོགས་འདུར་ཞུགས།

ལིས་ཀན་ཅེ་སོགས་ཀྱིས་མཉམ་དུ་རྟོག་ཞིབ་བྱས་པར་མ་ཟད་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཧི་ལིས་ཧྥིན་གྱིས་མཉམ་དུ་རྟོག་ཞིབ་བྱས། མཱ་ཞིན་རོས་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན། འབྲེལ་ཡོད་ཞིང་ཆེན་དང་ལྗོངས་ཀྱི་འགན་ཁུར་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས།


བསོད་ནམས་ཚེ་རིང་དང་ཤ་བོ་གསེར་མཚོ། ལྷ་མོ་ཚེ་རིང་། མི་ཕམ་མགོན་པོ་བཅས་ཀྱིས་བསྒྱུར།