ཁྲིན་ཀང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།
2023.06.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་དྲུག་པའི་ཚེས་བདུན་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་བའི་དུས་སྐབས་ཤིག་ལ་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན། རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་དང་ཤིས་ཚིག་གི་དགོངས་དོན། དེ་མིན་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཤིང་། འབྲེལ་ཡོད་ཡར་ཞུ་ལ་ཉན་པ་དང་རང་ཞིང་གིས་ལག་བསྟར་དང་དངོས་འབེབས་བྱེད་པའི་བསམ་འཆར་ལ་ཞིབ་འཇུག་བྱས།

གྲོས་ཚོགས་སྟེང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྱེ་འགྱུར་ཅན་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་དང་བྱང་གསུམ་སོགས་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་ང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་དུ་བཟུང་ནས། སྐྱེ་ཁམས་བདེ་འཇགས་འགོག་ར་སྲ་བརྟན་དུ་གཏོང་བ་དང་སྲུང་སྐྱོབ་བཟང་བོ་བྱེད་པར་སྟོབས་དང་ལྡན་པའི་ཚན་རིག་གི་མཛུབ་ཁྲིད་འདོན་སྤྲོད་བྱས། སློབ་སྦྱོང་བཟང་བོ་བྱས་ཏེ་གོ་བ་ཟབ་མོ་ལེན་པ་དང་། གྲུབ་འབྲས་མངོན་པར་བྱེད་པ་དང་ཆོད་སེམས་ཇེ་བརྟན་དུ་གཏོང་བ། གནས་ཚུལ་ལ་རྒྱུས་ལོན་བཟང་བོ་བྱེད་པ། གནད་དོན་ལ་རྩད་གཅོད་ཟབ་མོ་བྱེད་པ། ཤུགས་ཆེན་པོས་བྱང་གསུམ་སྙིང་སྟོབས་དང་སེད་ཧན་པ་ཡི་སྙིང་སྟོབས། སྐལ་བཟང་གི་སྙིང་སྟོབས་བཅས་དར་སྤེལ་བྱེད་དགོས། གོ་རིམ་ལྡན་པའི་བསམ་ཕྱོགས་བཀོལ་སྤྱོད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་བྱེ་བཅོས་དང་རི་བཅོས། ཆུ་བཅོས་བཅས་ཀྱི་བྱ་བ་སྣ་ཚོགས་ལ་ངོས་འཛིན་གསལ་བོ་བྱེད་པ་དང་ཁོང་དུ་ཆུད་པར་བྱས་ནས། འཆར་འགོད་སྣེ་ཁྲིད་དང་མཉམ་འགོག་མཉམ་བཅོས་ལ་ཤུགས་སྣོན་པ་དང་། བདེ་ཐང་བརྟན་འཇགས་དང་ནུས་ཤུགས་ལྡན་པའི་ནགས་ཚལ་དང་རྩྭ་ས། བརླན་ས། བྱེ་འགྱུར་སྐྱེ་ཁམས་མ་ལག་གསོ་སྐྱོང་བཟང་བོ་བྱེད་དགོས། གནད་ས་འབུར་དུ་ཐོན་ཞིང་འགོག་བཅོས་མཉམ་འཛིན་བྱས་ཏེ། ཁྱོན་ཡོངས་ནས་བྱེ་འགྱུར་ཅན་གྱི་ཕྱོགས་བསྡུས་འགོག་བཅོས་མཁྲེགས་གཏོར་འཐབ་ཇུས་དང་ཡུན་རིང་འཐབ་ཇུས་ལག་བསྟར་བཟང་བོ་བྱེད་པ་དང་། ཞིང་ཆེན་གྱི་དོན་དངོས་དང་ཟུང་འབྲེལ་དམ་པོ་བྱེད་པ། སྐྱེ་ཁམས་དཔལ་ཡོན་མཐོ་ས་གསར་སྐྲུན་བྱེད་པ་དམ་འཛིན་བྱེད་པ། སྟོབས་ཤུགས་ཡོད་རྒུས་བྱེ་འགོག་བྱེ་བཅོས་ཀྱི་བྱ་བ་གཙོ་བོ་དམ་འཛིན་བྱས་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་བྱེ་འགོག་བྱེ་བཅོས་ཐབས་ལམ་འཚོལ་ཞིབ་བྱེད་དགོས།

གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་རྒྱུན་འཛིན་གོང་སྤེལ་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དེས་ཏང་དང་རྒྱལ་ཁབ་ལས་དོན་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ནས་ལངས་ཏེ། ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་གོང་སྤེལ་གྱི་གཞུང་ལུགས་དང་དོན་དངོས་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པའི་ཐད་ལ་ཕྱོགས་ཡོངས་དང་གོ་རིམ་ལྡན་པར་རྒྱས་བཤད་བྱས་པ་དང་། དེའི་ཕུགས་རྒྱང་རིང་ཞིང་ནང་དོན་གཏིང་ཟབ་པ་དང་། ལྟ་བ་ཆ་ཚང་ཞིང་མི་རྣམས་ཀྱི་བསམ་རྒྱ་བསྐྱེད་པར་བྱེད། དུས་རབས་གསར་པའི་རིག་གནས་འགན་འཁྲི་གསར་པ་ཁོང་དུ་ཆུད་པར་བྱེད་པ་དང་། ཀྲུང་ཧྭའི་ཤེས་རིག་གི་འབུར་ཐོན་ཁྱད་ཆོས་ཁོང་དུ་ཆུད་པར་བྱེད་པ། ཟུང་འབྲེལ་གཉིས་ཀྱི་ཆེས་གསར་པའི་རྒྱས་བཤད་ཁོང་དུ་ཆུད་པར་བྱས་ཏེ། ཀྲུང་ཧྭའི་ཤེས་རིག་གི་རྒྱུན་མཐུད་རང་བཞིན་དང་གསར་གཏོད་རང་བཞིན། གཅིག་གྱུར་རང་བཞིན། དཀྱེལ་ཡངས་རང་བཞིན། ཞི་བདེ་རང་བཞིན་བཅས་ལ་ངོས་འཛིན་བྱེད་སྐབས་རིག་གནས་རང་རྟོན་ཇེ་བརྟན་དུ་གཏོང་བ་དང་། མཚོ་སྔོན་གྱི་ཁྱད་ལྡན་རིག་གནས་ཐོན་ཁུངས་རྒྱུན་འཛིན་བྱེད་པ། རིག་གནས་ཁྱད་སྟོབས་སྔོག་འདོན་བྱེད་པ། ཕུན་སུམ་ཚོགས་པའི་ནང་དོན་དང་ལེན་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བསམ་བློའི་སྟོབས་ཤུགས་ཆེན་པོ་སྣོན་དགོས།

གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་གི་སློབ་སྦྱོང་ཐེངས་ལྔ་བའི་སྟེང་གནང་བའི་གསུང་བཤད་དང་པེ་ཅིང་ཡུས་དབྱིན་སློབ་གྲྭར་རྟོག་ཞིབ་མཛད་སྐབས་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བཟང་བོ་བྱེད་པ་དང་། ཏང་ཀྲུང་དབྱང་གི་སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་སྐོར་གྱི་བཀོད་སྒྲིག་གལ་ཆེན་ནན་ཏན་སྒོས་དངོས་འབེབས་བྱས་ཏེ། སློབ་གསོའི་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་འཆར་འགོད་དང་རྩ་གནད་ལ་ཞིབ་འཇུག་བྱས་ནས་གཏན་འཁེལ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་གསོ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། མཚོ་སྔོན་ལ་སྔར་ལས་མང་ཞིང་ནུས་པ་ལྡན་པའི་འཇོན་མི་སྐྱེད་སྲིང་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་ཀོན་སྡེ་བའི་གླེང་སྟེགས་ལ་བསྐུར་བའི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་གི་དགོངས་དོན་ལ་གོ་བ་ཟབ་མོ་བླངས་ཏེ། ཚན་རྩལ་གསར་སྐྲུན་འདུ་ཤེས་ལ་ཤུགས་སྣོན་པ་དང་མཚོ་སྔོན་གྱི་ཁྱད་ལྡན་ཐོན་ལས་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ། ཚན་རྩལ་འཇོན་མི་ནང་འདྲེན་དང་གསོ་སྐྱོང་བྱེད་པར་ཡིད་འཇོག་བྱེད་པ། ཚན་རྩལ་གསར་སྐྲུན་དང་ལམ་ལུགས་གསར་སྐྲུན་ལ་མཐུན་སྦྱོར་སྒོས་ཤུགས་འདོན་པ་རྒྱུན་འཁྱོངས་བྱེད་པ། ཁེ་ལས་དང་མཐོ་རིམ་སློབ་གྲྭ། ཚན་ཞིབ་ལས་ཁུངས་བཅས་ལ་སྐུལ་མ་གཏོང་བ་དང་རྒྱབ་སྐྱོར་བྱས་ཏེ་ཚན་རྩལ་ཞིབ་བཟོ་ཤུགས་ཚད་ཇེ་ཆེར་བཏང་ནས། རང་ཞིང་གི་ཚན་རྩལ་ཐོན་ལས་ཀྱི་འགྲན་རྩོད་ནུས་ཤུགས་དང་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པ་མཐོར་འདེགས་སུ་གཏོང་དགོས། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡོ་རོབ་གླིང་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་གྱི་སྐབས་གཉིས་པའི་ཡོ་རོབ་གླིང་དང་ཨེ་ཤ་ཡའི་དཔལ་འབྱོར་གླེང་སྟེགས་ཀྱི་ཚང་འཛོམས་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཕུལ་བའི་ཤིས་ཚིག་གི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། ལངས་གནས་ཀྱི་ངོས་འཛིན་མཐོར་འདེགས་སུ་གཏོང་བ་དང་། ཁྱོན་ཡོངས་ལ་བསམ་གཞིགས་གཏོང་བ། སྔ་རྗེས་འབྲེལ་འདྲིས་བྱས་ནས་སློབ་སྦྱོང་བྱེད་པ། མཚོ་སྔོན་གྱི་བྱ་བར་རྐང་བཙུགས་ཏེ། མཚོ་སྔོན་གྱིས་ཤར་ནུབ་ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་རོགས་རེས་བྱེད་པ་དང་སྐམ་ས་དང་རྒྱལ་ཁབ་ཕྱི་ནང་བར་དུ་མཉམ་འབྲེལ་བྱེད་པ། ཕྱོགས་ཡོངས་སུ་ཆགས་སྟངས་སྒོ་འབྱེད་ཁྲོད་ཀྱི་ཁྱད་སྟོབས་དང་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

གྲོས་ཚོགས་ནས་རང་ཞིང་གིས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཏེ་བསྟན་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཞིང་ཆེན་གྱི་སྲིད་དོན་སྐྱོང་བའི་ལས་དོན་སྣ་ཚོགས་ཁྲིམས་སྐྱོང་ཅན་གྱི་ནང་དོན་དུ་འཇོག་པ་དང་། ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་བྱ་བ་སྣ་ཚོགས་ལ་སྐུལ་འདེད་གཏོང་དགོས། གནད་དོན་ཁྲིད་ཕྱོགས་དང་དམིགས་འབེན་ཁྲིད་ཕྱོགས། མཇུག་འབྲས་ཁྲིད་ཕྱོགས་བཅས་འབུར་དུ་ཐོན་པར་བྱས་ཏེ། ཁྲིམས་སྐྱོང་ཐབས་ལམ་ལ་བརྟེན་ནས་དཀའ་གནད་སེལ་བ་དང་། སྔར་ལས་བཟང་བའི་སྒོ་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བཟང་བོ་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་དགོངས་དོན་དར་སྤེལ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་རིག་གནས་འཛུགས་སྐྱོང་བྱེད་པ། སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་བརྩི་དང་ཁྲིམས་སློབ། ཁྲིམས་སྲུང་། ཁྲིམས་བཀོལ་བྱེད་པའི་གྲོས་མགོ་བཏོན་ནས། མཉམ་སྐྲུན་དང་མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་རྣམ་པ་ཆགས་པར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ནས་རང་ཞིང་གི་ཏང་སྲིད་འཐུས་ཚབ་ཚོགས་པ་པེ་ཅིང་དང་ཐེན་ཅིན། ཧྲན་ཏུང་། ཀན་སུའུ། བོད་ལྗོངས་བཅས་ལ་སོང་སྟེ་རྟོག་ཞིབ་དང་སློབ་སྦྱོང་བྱས་པ་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་པ་གཙོ་བོ་པེ་ཅིང་དུ་སོང་སྟེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་དང་ཐུག་འཕྲད་བྱས་པའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་ཏེ། ནང་འདྲེན་དང་ཕྱིར་འགྲོ་བ་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཧུར་ཐག་དང་རང་འགུལ་སྒོས་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་མཉམ་བསྲེས་བྱེད་པ། ཧུར་ཐག་རང་འགུལ་སྒོས་ཀྲུང་དབྱང་གི་པུའུ་ཨུ་དང་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་པར་མ་ཟད། བསམ་ཕྱོགས་རྒྱ་བསྐྱེད་ཅིང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། གནད་དོན་གཙོ་བོར་ཞིབ་འཇུག་དང་བྱེ་བྲག་དོན་དག་འབྲེལ་མཐུད་དང་དངོས་འབེབས་བྱེད་པར་ཤུགས་བསྣན་ནས། གནས་བབ་དང་བསྟུན་ནས་བྱ་བ་སྒྲུབ་པ་དང་མཉམ་ལས་མཉམ་རྒྱལ་གྱི་འབྲས་བུ་ཐོབ་པར་བྱེད་དགོས་པའི་རེ་བ་བཏོན།

གྲོས་ཚོགས་ནས་རང་ཞིང་གི་ཉིས་སྟོང་ཉེར་གཉིས་ལོའི་དམིགས་འབེན་འགན་འཁྲིའི་དཔྱད་ཞིབ་མཇུག་འབྲས་དང་དེ་མིན་ཉིས་སྟོང་ཉེར་གསུམ་ལོའི་དཔྱད་ཞིབ་དམིགས་ཚད་ལེགས་སྒྲིག་དང་ལེགས་སྒྱུར་བྱེད་པའི་གྲོས་གཞི་ཡར་ཞུ་བྱས་པར་ཉན་ཏེ། གནས་བབ་གསར་པ་དང་ལས་འགན་གསར་པ། རེ་བ་གསར་པ་བཅས་དང་སྔར་ལས་མཐུན་པར་བྱས་ཏེ། འབུན་ཐོན་གནད་དོན་ཐག་གཅོད་པ་བརྒལ་གཏོར་བྱེད་ས་བྱེད་པ་དང་། དཔྱད་ཞིབ་དམིགས་ཚད་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བར་མ་ཟད། དཔྱད་ཞིབ་ཁྲོད་དུ་དུས་རབས་རང་བཞིན་མཚོན་པར་བྱེད་པ་དང་སྣེ་ཁྲིད་རང་བཞིན་མངོན་པར་བྱེད་པ། རྒྱུན་ལྡན་རང་བཞིན་འབུར་དུ་ཐོན་པར་བྱེད་པ། ཕན་འབྲས་རང་བཞིན་ལ་ཡིད་འཇོག་བྱས་ནས། དཔྱད་ཞིབ་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དཔྱད་ཞིབ་ལ་བརྟེན་ནས་དངོས་འབེབས་དམ་འཛིན་བྱེད་པ། དཔྱད་ཞིབ་ལ་བརྟེན་ནས་སྤྱོད་ཚུལ་ལེགས་སྒྱུར་བྱེད་ཐུབ་པའི་རེ་བ་བཏོན།

གྲོས་ཚོགས་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

                                                                                                                       བཀྲ་ཤིས་འབུམ་གྱིས་བསྒྱུར།