ཞི་ཅིན་ཕིང་གིས་རིག་གནས་རྒྱུན་འཛིན་གོང་སྤེལ་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་རང་ཞིང་གི་ལས་རིགས་སོ་སོའི་ཁྲོད་དུ་ཚུར་སྣང་ཆེན་པོ་བྱུང་།
2023.06.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

བསྟུད་མར་ཉིན་འགའི་རིང་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་རྒྱུན་འཛིན་གོང་སྤེལ་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་རང་ཞིང་གི་ལས་རིགས་སོ་སོའི་ཁྲོད་དུ་ཚུར་སྣང་ཆེན་པོ་བྱུང་། ཚང་མས་གཅིག་གྱུར་སྒོས་བལྟས་ན། གསུང་བཤད་ལས་ཏང་དང་རྒྱལ་ཁབ་ལས་དོན་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ནས་ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་གོང་སྤེལ་གྱི་གཞུང་ལུགས་དང་དོན་དངོས་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པའི་ཐད་ལ་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་རྒྱས་བཤད་བྱས་ཏེ། རིག་གནས་རང་རྟོན་ཇེ་བརྟན་དང་རང་སྟོབས་ཇེ་ཆེར་གཏོང་བ་དང་། ཏན་ཏིག་སྒོས་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་དང་སྤྱི་ཚོགས་རིང་ལུགས་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས། ཚང་མས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་སྟོན་དུ་བཟུང་སྟེ། རིག་གནས་འཛུགས་སྐྱོང་གི་་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། རིག་གནས་རང་རྟོན་ཇེ་བརྟན་དུ་གཏོང་བ། རིག་གནས་རང་རྟོགས་ནུས་པ་ཇེ་ཆེར་གཏོང་བ། སྔར་ལས་བཟང་བའི་སྒོ་ནས་རིག་གནས་འགན་འཁྲི་གསར་བ་ཕྲག་ཏུ་ལེན་པ། མཉམ་དུ་འབད་བརྩོན་བྱས་ཏེ་ང་ཚོའི་དུས་རབས་འདི་ལ་དབང་བའི་རིག་གནས་གསར་པ་བསྐྲུན་རྒྱུ་ཡིན་ཟེར

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་བྱས་རྗེས། ཞིང་ཆེན་དམངས་ཆེན་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ལས་བྱེད་པ་ཝང་ཅ་ཧྥུའུ་ཡིས་བཤད་རྒྱུར། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱིས་མཉམ་དུ་གསར་སྐྲུན་བྱས་པའི་ཕུལ་བྱུང་རིག་གནས་གིས་མིག་དབང་རབ་ཏུ་འཕྲོག་ཅིང་། དེ་ནི་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། དམངས་ཆེན་གྱི་སློབ་གསོ་དང་ཚན་རིག རིག་གནས། འཕྲོད་བསྟེན་བྱ་བས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསར་གཏོང་རང་བཞིན་གྱི་འཕོ་འགྱུར་དང་གསར་སྐྲུན་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་ཡོད། ང་ཚོས་མཚོ་སྔོན་གྱི་རིག་གནས་ལ་རྐང་བཙུགས་ཏེ། དམངས་ཆེན་གྱི་འགན་འཁྲིད་དང་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་། འགན་འཁྲི་ཁག་ཁུར་དང་དཀའ་སྤྱད་འབད་བརྩོན་བྱས་ནས། རིག་གནས་གོང་སྤེལ་གྱི་རེ་བ་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་རིག་གནས་འཚོ་བའི་དགོས་མཁོ་མཐུན་སྦྱོར་སྒོས་མཉམ་འདྲེས་ཡོང་བར་བྱེད་པ་དང་། རྒྱུན་མཐུད་དང་སེམས་ཤུགས་གཅིག་སྒྲིལ་སྒོས་མཚོ་སྔོན་གྱི་རིག་གནས་གསར་པའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་མཚོ་སྔོན་དུ་ལག་བསྟར་བྱས་ནས་ཕན་འབྲས་ཐོབ་པར་བྱེད་དགོས།

ཞིང་ཆེན་སྲིད་གྲོས་ཀྱི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་ཝང་ཞིན་ཡའོ་ཡིས་བཤད་རྒྱུར། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ངེས་པར་དུ་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ཏེ་མུ་མཐུད་དུ་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ལེགས་པོར་སྒྲུབ་དགོས་ལ། སྒོ་འབྱེད་བཟོད་སྒོམ་དང་དག་སྲུང་གསར་སྐྲུན་རྒྱུན་འཁྱོངས་བྱེད་པ་དང་། མི་རིགས་སོ་སོའི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་གོང་སྤེལ་གཏོང་བ། རིག་གནས་འཛུགས་སྐྱོང་གི་ཆོས་ཉིད་རང་བཞིན་གྱི་ངོས་ཟིན་སྔར་ལས་ཇེ་དྲག་ཏུ་བཏང་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རིག་གནས་འཛུགས་སྐྱོང་དང་ཀྲུང་ཧྭ་མི་རིགས་དེང་རབས་དཔལ་ཡོན་འཛུགས་སྐྲུན་ཐད་ལ་བྱས་རྗེས་གསར་པ་འཇོག་དགོས།

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཧུའུ་ཧྥང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ང་ཚོའི་རིག་གནས་ཞིབ་འཇུག་བྱ་བར་དགོངས་པའི་མཛུབ་སྟོན་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་འདོན་སྤྲོད་བྱས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་སྟོན་དུ་བཟུང་སྟེ། དུས་རབས་གསར་པའི་མཚོ་སྔོན་གྱི་རིག་གནས་རྒྱུན་འཛིན་གོང་སྤེལ་གྱི་གཏམ་རྒྱུད་ལེགས་པར་བརྗོད་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་རིག་གནས་ཀྱི་སྟོབས་ཤུགས་དང་བློ་གྲོས་འབུལ་དགོས་ཟེར།

                                                                                                              བཀྲ་ཤིས་འབུམ་གྱིས་བསྒྱུར།