ཟླ་6པའི་ཚེས8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་དབྱིན་ཇིའི་ལོན་ཏོན་དངུལ་རྩའི་གྲོང་ཁྱེར་གྱི་འགོ་གཙོ་ལེའང་ཡིའུ་སི་ལ་མཇལ་འཕྲད་གནང་།
ཧན་ཀྲིན་གྱིས་བསྟན་དོན། ཀྲུང་དབྱིན་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་རྣམ་པ་བཟང་ཞིང་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ལ། དངུལ་རྩའི་ལས་རིགས་ཀྱི་མཉམ་ལས་དེ་ཉིན་རེ་བཞིན་ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་ཀྱི་སྒུལ་ཤུགས་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད། ལོན་ཏོན་ནི་འཛམ་གླིང་སྟེང་རྒྱལ་སྤྱི་ཅན་དུ་འགྱུར་ཚད་ཆེས་མཐོ་བའི་དངུལ་རྩའི་གྲོང་ཁྱེར་ཞིག་ཡིན་པ་དང་། ལོན་ཏོན་དངུལ་རྩའི་གྲོང་ཁྱེར་ནི་ལོན་ཏོན་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྲོག་རྩ་ཡིན་ལ་འཛམ་གླིང་སྟེང་སྐད་གྲགས་ཆེ་བའི་དངུལ་རྩའི་ལྟེ་གནས་ཀྱང་ཡིན། མིག་སྔར་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་དངུལ་རྩའི་ལས་རིགས་དང་བཅས་པའི་ཁྱབ་ཁོངས་སོ་སོའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱིན་ཇིའི་དངུལ་རྩའི་ལས་རིགས་བར་གྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་འབྲེལ་བ་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
ལེའང་ཡིའུ་སི་ཡིས་བསྟན་དོན། ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་དང་མ་འོངས་པའི་འཕེལ་རྒྱས་དམིགས་འབེན་ཡང་མངོན་འགྱུར་བྱ་ཐུབ་ངེས། ཀྲུང་དབྱིན་རྒྱལ་ཁབ་གཉིས་ལ་ཐུན་མོང་གི་ཁེ་ཕན་རྒྱ་ཁྱབ་ཏུ་ཡོད་ཅིང་། དངུལ་རྩའི་ལས་རིགས་ཀྱི་མཉམ་ལས་ཐད་མདུན་ལམ་ཆེན་པོ་ལྡན། ལོན་ཏོན་དངུལ་རྩའི་གྲོང་ཁྱེར་གྱིས་ཀྲུང་གོ་སྲིད་གཞུང་དང་ཁེ་ལས། དངུལ་རྩའི་ལས་ཁུངས་བཅས་དང་མཉམ་ལས་གཏིང་ཟབ་བྱས་ནས་གཉིས་ཕན་འཕེལ་རྒྱས་མངོན་འགྱུར་བྱེད་འདོད་ཡོད།
ཤ་བོ་གསེར་མཚོས་བསྒྱུར།