ཞི་ཅིན་ཕིང་གིས་ནང་སོག་ཏུ་རྟོག་ཞིབ་མཛད།
2023.06.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་སྔོན་ནང་སོག་ཏུ་རྟོག་ཞིབ་མཛད་སྐབས། ཏང་ཀྲུང་དབྱང་གི་ནང་སོག་ལ་ཁ་གཏད་པའི་འཐབ་ཇུས་ངེས་གནས་ཁོང་དུ་དམ་པོར་ཆུད་པར་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་ལ། ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ཞེས་པའི་ལས་འགན་གཙོ་བོ་འདིར་དམ་དུ་དམིགས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཅངས་པ་དེ་གཙོ་སྙིང་དུ་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་མཉམ་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། སྐྱེ་ཁམས་དམིགས་བསལ་དུ་བརྩི་བ་དང་ལྗང་མདོག་འཕེལ་རྒྱས་སྔོན་ཁྲིད་དུ་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པར་ཧུར་ཐག་གིས་ཞུགས་པ་དང་དེར་ཞབས་འདེགས་ཞུ་བ། འགོག་ར་གཉིས་དང་རྟེན་གཞི་གཉིས། ཟམ་ཁའི་བཙན་རྫོང་གཅིག་བཅས་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་གསར་པ་བཞག་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ནང་སོག་གི་ལེའུ་གསར་པ་ཧུར་ཐག་གིས་འབྲི་དགོས་ཞེས་ནན་གྱིས་བསྟན།

ཟླ6པའི་ཚེས7ཉིན་ནས་ཚེས8ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་སྔོན་ནང་སོག་ཏུ་རྟོག་ཞིབ་མཛད། ཚེས8ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་མཁར་སྔོན་པོ་གྲོང་ཁྱེར་ནས་ནང་སོག་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་ཡར་ཞུ་ལ་གསན་པར་མ་ཟད་གསུང་བཤད་གལ་ཆེན་གནང་བཞིན་པ།

ཟླ་དྲུག་པའི་ཚེས་བདུན་ཉིན་ནས་ཚེས་བརྒྱད་ཉིན་བར། ཞི་ཅིན་ཕིང་གིས་པ་ཡན་ནའོ་ཨར་གྲོང་ཁྱེར་དུ་རྟོག་ཞིབ་མཛད་པར་མ་ཟད་མགོ་འཛིན་མཛད་དེ་བྱེ་འགྱུར་ཅན་ཕྱོགས་བསྡུས་བཅོས་སྐྱོང་དང་བྱང་གསུམ་སོགས་སྐྱེ་ཁམས་བཟོ་སྐྲུན་འཛུགས་སྐྲུན་གལ་ཆེན་སྐུལ་སྤེལ་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་རྗེས། ནང་སོག་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་སུན་ཧྲའོ་ཁྲིན་དང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་ཝང་ལིས་ཞ་གཉིས་ཀྱི་འགྲོ་རོགས་འོག་ཏུ། མཁར་སྔོན་པོ་གྲོང་ཁྱེར་དུ་རྟོག་ཞིབ་མཛད།

ཚེས་བདུན་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་མཁར་སྔོན་པོའི་ནང་སྐོར་ཐོན་ལས་ར་བ་རུ་རྟོག་ཞིབ་མཛད་བཞིན་པ།

ཚེས་བདུན་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ནང་སྐོར་ཐོན་ལས་ར་བ་རུ་རྟོག་ཞིབ་མཛད། ར་བའི་འགྲེམ་སྟོན་ཚོམས་ཁང་དུ། ཞི་ཅིན་ཕིང་གིས་ས་དེས་ནུས་ཁུངས་གསར་པ་དང་རྒྱུ་ཆ་གསར་པའི་ཐོན་ལས་གོང་དུ་སྤེལ་བ་དང་། ཐོན་ལས་ཀྱི་སྒྲིག་གཞི་ལེགས་སྒྱུར་ལ་ཡར་སྐུལ་བྱས་པ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་སོགས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས་པར་གསན། དེའི་རྗེས་སུ། ཞི་ཅིན་ཕིང་ཐོན་སྐྱེད་འཁོར་ཁང་དུ་ཕེབས་ཏེ་ཡུལ་དངོས་ནས་ཐོན་རྫས་ཐོན་སྐྱེད་ཀྱི་བརྒྱུད་རིམ་ལ་གཟིགས་བཤེར་མཛད་པ་དང་། ར་བ་དེའི་ཁེ་ལས་གློག་འདྲེན་ཕྱེད་རྫས་དང་ཉི་གློག་རྒྱུ་ཆ་སོགས་ཐོན་རྫས་ཞིབ་བཟོ་ཐོན་སྐྱེད་གནས་ཚུལ་ལ་ཞིབ་ཏུ་རྒྱུས་ལོན་མཛད། ཁོང་གིས་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་རྒྱུ་ནི་ངེས་པར་དུ་བགྲོད་དགོས་པའི་ལམ་ཞིག་ཡིན། ནུས་ཁུངས་ཐོན་ལས་ཀྱི་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། ལྗང་མདོག་ནུས་ཁུངས་ཤུགས་ཆེན་པོས་གོང་དུ་སྤེལ་ནས། རྒྱལ་ཁབ་ཀྱི་ནུས་ཁུངས་རྟེན་གཞི་གལ་ཆེན་ཇེ་རྒྱས་ཇེ་ལེགས་སུ་གཏོང་རྒྱུ་ནི་ནང་སོག་གོང་དུ་སྤེལ་བའི་དོན་ཆེན་ནང་གི་འགངས་ཆེན་ཡིན། འདིའི་ཕྱོགས་ནས་ནང་སོག་གི་ཁ་ཕྱོགས་གསལ་ལ། བགྲོད་ལམ་ཡང་དག་པ་དང་། མདུན་ལྗོངས་ཧ་ཅང་བཟང་བར་མ་ཟད། བྱས་རྗེས་ཆེན་པོ་བཞག་ཆོག་ལ་མདུན་ལམ་ཡང་ཆེན་པོ་ཡོད་ཅེས་ནན་གྱིས་གསུངས། ར་བ་དེ་དང་འབྲལ་སྐབས། ཞི་ཅིན་ཕིང་གིས་སྐྱེལ་མ་ཞུ་རུ་ཡོང་བའི་ཁེ་ལས་ཀྱི་ལས་བཟོ་བ་རྣམས་ལ་ཁྱོད་ཚོས་ཁེ་ལས་དང་ར་བའི་དོན་དག་བསྒྲུབས་པ་ཧ་ཅང་བཟང་བ་མཐོང་བས་སེམས་ཤུགས་ཆེ་རུ་བསྐྱེད་སོང་། ད་ལྟ་ང་ཚོས་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་བརྩོན་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པར་བརྟེན་ནས་ཚན་རྩལ་གྱི་འགག་གནད་སེལ་དགོས། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་བསྐྲུན་པ་ནི་ཐལ་དྲགས་པའི་གནས་ཚུལ་འོག་ཏུ་རྒྱལ་དམངས་དཔལ་འབྱོར་རྒྱུན་ལྡན་ལྟར་འཁོར་སྐྱོད་བྱེད་པར་ཁག་ཐེག་བྱེད་རྒྱུའི་ཆེད་ཡིན་ལ། འདི་དང་རྒྱལ་སྤྱིའི་དཔལ་འབྱོར་འཁོར་སྐྱོད་ཁྲོད་ཞུགས་པ་གཉིས་འགལ་བ་མིན། ང་ཚོས་བློ་བརྟན་འགྱུར་མེད་སྒོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལག་བསྟར་བྱེད་པ་དང་། སྒོ་ཆེ་རུ་ཕྱེ་ནས་འཛུགས་སྐྲུན་གཉེར་བ། མཉམ་ལས་བྱས་ཏེ་མཉམ་རྒྱལ་མངོན་འགྱུར་བཅས་བྱེད་དགོས་ཞེས་གསུངས། ཞི་ཅིན་ཕིང་གིས་ཁེ་ལས་དང་ལས་བཟོ་བས་མུ་མཐུད་དུ་འབད་བརྩོན་བྱས་ཏེ་གོང་འཕེལ་ནས་གོང་འཕེལ་དུ་འགྲོ་རྒྱུའི་སྨོན་འདུན་ཞུས།

ཚེས7ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་མཁར་སྔོན་པོའི་ནང་སྐོར་ཐོན་ལས་ར་བ་རུ་རྟོག་ཞིབ་མཛད་བཞིན་པ།

ཚེས་བརྒྱད་ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ནང་སོག་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་པ་དང་། ནང་སོག་གིས་བྱ་བ་སྣ་ཚོགས་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད།

ཚེས8ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་མཁར་སྔོན་པོ་ནས་ནང་སོག་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཐོན་ལས་སྒྲིག་གཞི་མྱུར་དུ་ལེགས་སྒྱུར་བྱས་ཏེ། ཁྱད་སྟོབས་ཁྱད་ལྡན་ཐོན་ལས་ཧུར་ཐག་གིས་གོང་དུ་སྤེལ་དགོས། ནང་སོག་ནི་རྒྱལ་ཁབ་ཀྱི་ནུས་ཁུངས་དང་འཐབ་ཇུས་ཐོན་ཁུངས་ཀྱི་རྟེན་གཞི་གལ་ཆེན་དང་། ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་རྟེན་གཞི། རང་རྒྱལ་གྱི་བྱང་ཕྱོགས་སུ་སྒོ་འབྱེད་པའི་ཟམ་ཁའི་བཙན་རྫོང་བཅས་ཡིན་པས། ཐོན་ལས་སྒྲིག་གཞི་ལེགས་སྒྱུར་བྱེད་ན་ངེས་པར་དུ་དམིགས་བསལ་གྱི་ཁྱད་ཆོས་དང་འཐབ་ཇུས་ཀྱི་ངེས་གནས་འདི་དག་ལ་རྐང་བཙུགས་ཏེ། ཁྱད་སྟོབས་ཁྱད་ལྡན་ཐོན་ལས་ཤུགས་ཆེན་པོས་གོང་དུ་སྤེལ་བ་དང་། ཐོན་ཁུངས་རྣམ་པའི་ས་ཁུལ་ཚུལ་སྒྱུར་གོང་འཕེལ་གྱི་ལམ་གསར་པ་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ། ནང་སོག་གི་ཁྱད་ཆོས་དང་ཁྱད་སྟོབས་མཚོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མྱུར་དུ་བསྐྲུན་དགོས། ཐོན་ཁུངས་དང་ཐོན་ལས་ཀྱི་ཁྱད་སྟོབས་ལེགས་པར་བཏོན་ནས། དེང་རབས་ནུས་ཁུངས་དཔལ་འབྱོར་ཞེས་པའི་ལས་དོན་འདི་བཟང་བོར་སྒྲུབ་དགོས། འཐབ་ཇུས་ཐོན་ཁུངས་སྲུང་སྐྱོབ་རང་བཞིན་གྱིས་གསར་སྤེལ་དང་སྤུས་མཐོ་ཅན་དུ་བཀོལ་སྤྱོད། ཚད་ལྡན་ཅན་དུ་དོ་དམ་བཅས་བྱེད་པར་ཤུགས་སྣོན་པ་དང་། ནུས་ཁུངས་ཐོན་ཁུངས་ས་དེ་ནས་ལས་སྣོན་ཞིབ་མོ་བྱེད་པར་ཤུགས་བསྣན་ཏེ། འཐབ་ཇུས་ཐོན་ཁུངས་ཐོན་ལས་གོང་སྤེལ་བཟང་བོ་བྱེད་དགོས། ཞིང་ཕྱུགས་ལས་ཀྱི་ཁྱད་སྟོབས་ལེགས་པར་བཏོན་ཏེ། ས་ཞིང་དང་ཚན་རྩལ། ས་བོན། ཆུ། རྩྭ་སོགས་ཀྱི་ཐད་ནས། ཞིང་ཕྱུགས་ལས་ཀྱི་ས་ཁོངས་སྒྲིག་བཀོད་དང་ཐོན་ལས་སྒྲིག་གཞི་བརྟན་བརླིང་ངང་ལེགས་སྒྱུར་བྱེད་པ་དང་། ཞིང་ཕྱུགས་ལས་ཀྱི་ཚུལ་སྒྱུར་གོང་འཕེལ་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཞིང་ཕྱུགས་ལས་ཤུགས་ཆེན་པོས་གོང་དུ་སྤེལ་བ། ཞིང་ཕྱུགས་ཐོན་རྫས་ཞིབ་ཚགས་ཀྱིས་ལས་སྣོན་བྱེད་རྒྱུ་དང་ལྗང་མདོག་སྐྱེ་ལྡན་ཚོང་རྟགས་བསྐྲུན་རྒྱུ་དམ་འཛིན་བཟང་བོ་བྱེད་པ་དང་། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་ཀྱིས་གོང་དུ་འཕེལ་བར་ཡར་སྐུལ་བྱས་ཏེ། ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་ཀྲུང་གོ་དང་མོང་གོལ། ཨུ་རུ་སི་བཅས་ཀྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ཁྲོད་ཧུར་ཐག་གིས་ཞུགས་ཏེ། ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། རང་རྒྱལ་གྱིས་བྱང་ཕྱོགས་སུ་སྒོ་འབྱེད་པའི་ཟམ་ཁའི་བཙན་རྫོང་གལ་ཆེན་བསྐྲུན་ནས། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་ཟུང་མཉམ་དུ་སྦྲེལ་བའི་ཁྲོད་ནུས་པ་སྔར་ལས་ཆེན་པོ་འདོན་དགོས། པེ་ཅིང་དང་ཐེན་ཅིན། ཧི་པེ། འབྲི་ཆུའི་ཟུར་གསུམ་གླིང་། ཀོང་ཏུང་ཞང་ཀང་ཨོ་མིན་ཁུགས་ཁུལ་ཆེན་པོ། ཤར་ཕྱོགས་ཀྱི་ཞིང་ཆེན་གསུམ་བཅས་བར་གྱི་འབྲེལ་འདྲིས་ལ་ཤུགས་བསྣན་ནས། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་ཟུང་གི་ཁྲོད་དུ་སྔར་ལས་བཟང་བོར་འདྲེས་པར་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། རང་རྒྱལ་བྱང་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ར་བརྟན་པོར་བསྐྲུན་པ་ནི། ནང་སོག་གིས་ངེས་པར་དུ་སེམས་ལ་དམ་པོར་འཛིན་དགོས་པའི་རྒྱལ་ཁབ་ཀྱི་དོན་ཆེན་ཡིན་པས། རི་ཆུ་ནགས་ཞིང་མཚེའུ། རྩྭ་དང་བྱེ་ས་བཅས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་གཅིག་འདོམས་བྱས་ཏེ། པེ་ཅིང་དང་ཐེན་ཅིན་གྱི་བྱེ་རླུང་གི་ཁུངས་བཅོས་སྐྱོང་དང་། བྱང་གསུམ་འགོག་སྲུང་ནགས་ཀྱི་མ་ལག་འཛུགས་སྐྲུན་སོགས་བཟོ་སྐྲུན་གལ་ཆེན་རྩ་འཛུགས་ཞིབ་མོ་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་མཚམས་དོ་དམ་ལ་ཤུགས་སྣོན་པ་དང་། རྨོ་སྐྱུར་ནགས་གསོ་དང་རྨོ་སྐྱུར་རྩྭ་གསོ། རྩྭ་ཕྱུགས་དོ་སྙོམས། ཕྱུགས་བཀག་རྩྭ་རྒྱ་སྡོམ་པ་བཅས་དོན་འཁྱོལ་བྱེད་པ། རང་བྱུང་ནགས་ཀྱི་སྲུང་སྐྱོབ་དང་ས་ཆུ་སྲུང་འཛིན་ལ་བརྩོན་པ། རྒྱུན་འཁྱོངས་ལྷོད་མེད་སྒོས་རྩྭ་ས་དང་ནགས་ཚུལ། གཙང་བོ། མཚེའུ། བརླན་ས་བཅས་སོར་ཆུད་སྐྱེ་འཕེལ་འབྱུང་བར་བྱེད་པ། ཧུའུ་ལུན་མཚེའུ་དང་། ཝུའུ་སུའུ་སུའུ་མཚོ་མོ། ཏའེ་མཚོ་སོགས་ཀྱི་ཆུའི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་མྱུར་དུ་སྤེལ་བ། བྱེ་འགྱུར་ཅན་གྱི་བཅོས་སྐྱོང་དང་བརླན་ས་སྲུང་སྐྱོབ་ལ་ཤུགས་སྣོན་པ། མཁའ་དབུགས་དང་ཆུ། ས་རྒྱུ་བཅས་ཀྱི་འབག་བཙོག་བཅོས་སྐྱོང་བྱེད་པར་ཤུགས་སྣོན་པ་བཅས་བྱས་ཏེ། མེས་རྒྱལ་བྱང་ཕྱོགས་མངའ་ཁོངས་སུ་ལེ་དབར་ཁྲི་ཡི་ལྗང་མདོག་གི་ལྕགས་རི་བསྐྲུན་དགོས། བྱེ་ས་ལྗང་སྒྱུར་གྱི་རྣམ་པ་བཟང་བོ་སྔར་ལས་སྲ་བརྟན་དང་གོང་འཕེལ་དུ་བཏང་ནས། རིག་བགར་ཇུས་བསྟར་དང་སྟོབས་ཤུགས་གཅིག་བསྡུས་ཀྱིས་ས་ཁུལ་གལ་ཆེའི་གཞི་ཁྱོན་ཅན་གྱི་བྱེ་འགོག་བྱེ་བཅོས་སྤེལ་བ་དང་། བྱེ་བཅོས་ཀྱི་ཐབས་ལམ་རྒྱུན་མ་ཆད་པར་གསར་གཏོད་བྱེད་པ་དང་འཐུས་ཚང་དུ་བཏང་སྟེ། བྱེ་བཅོས་ཀྱི་ཕྱོགས་བསྡུས་ཕན་འབྲས་མཐོར་འདེགས་སུ་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱལ་ཡོངས་ནས་བལྟས་ན་མི་དམངས་ཡོངས་ཀྱི་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བའི་ཆེས་དཀའ་ཚེགས་ཆེ་བའི་ལས་འགན་དེ་མཐའ་མཚམས་མི་རིགས་ས་ཁུལ་ཁ་ཤས་སུ་ཡོད། མཐའ་མཚམས་མི་རིགས་ས་ཁུལ་དེ་དག་ཐུན་མོང་འབྱོར་ཕྱུག་གི་ལམ་ནས་རྗེས་སུ་ལུས་མི་རུང་། མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཁྲོད་ནས་དམངས་ཚིས་འགན་སྲུང་དང་ལེགས་བཅོས་ལ་སྔར་ལས་དོ་སྣང་བྱེད་པ། དམངས་ཚིས་ཞན་ཆ་གསབ་པ། དམངས་ཚིས་ཕན་བདེ་ཇེ་དྲག་ཏུ་བཏང་སྟེ། རིགས་སོ་སོའི་མི་དམངས་ལ་ངེས་པ་དོན་གྱིས་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བར་འགུལ་སྐྱོད་བྱེད་བཞིན་པ་ཚོར་དུ་འཇུག་དགོས། ཕྱོགས་ཡོངས་ནས་ལས་ཞུགས་གཙོར་འཛིན་སྲིད་ཇུས་དངོས་འབེབས་བྱེད་པ་དང་། སྔར་ལས་སྤུས་ཚད་མཐོ་བའི་ལས་ཞུགས་དེ་འབུར་ཐོན་གོ་གནས་སུ་འཇོག་པ་མངོན་འགྱུར་བྱེད་པ་དང་། སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ། གསོ་སྦྱོང་ཞབས་ཞུར་ཤུགས་སྣོན་བྱས་ནས། གནད་འཁེལ་དང་ཕན་ནུས་ལྡན་པའི་སྒོ་ནས་ཁུར་བོ་ཇེ་མང་དུ་གཏོང་བ་དང་། ལས་གནས་བརྟན་པ། ལས་ཞུགས་རྒྱ་བསྐྱེད་པའི་སྲིད་ཇུས་བྱེད་ཐབས་སྣ་ཚོགས་ལག་བསྟར་བྱས་ཏེ། ཐབས་ལམ་མང་བོས་བབ་བསྟུན་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པ་དང་། གཙོ་བོ་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་། དམག་དཔུང་ལས་ཕྱིར་བུད་པའི་དམག་མི། ཞིང་བ་ལས་བཟོ་བ་སོགས་ཚོགས་ཁག་མང་བོའི་ལས་ཞུགས་གནད་དུ་བཟུང་ནས་དམ་འཛིན་བྱེད་དགོས། ལས་ཞུགས་ཐབས་ལམ་རྒྱ་བསྐྱེད་དེ། དབུལ་ཐར་ཁྱིམ་ཚང་དང་མ་མཐའི་འགན་སྲུང་ཁྱིམ་ཚང་། ལས་ཞུགས་བྱེད་མཁན་མེད་པའི་ཁྱིམ་ཚང་། དབང་བོ་སྐྱོན་ཅན་སོགས་དཀའ་ཁག་ཆེ་བའི་མི་སྣའི་ལས་ཞུགས་ཀྱི་མཐའ་སྲུང་རོགས་སྐྱོར་ལ་ཤུགས་སྣོན་དགོས། རིམ་པ་མང་བོའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་བཏང་ནས་འགན་སྲུང་ནང་ཞུགས་པའི་ཁྱབ་རྒྱ་ཇེ་ཆེར་གཏོང་བ་དང་། སྤྱི་ཚོགས་རོགས་སྐྱོར་དང་སྨན་བཅོས་རོགས་སྐྱོར། མ་མཐའི་འགན་སྲུང་། དཀའ་ཁག་ཆེ་བའི་ཁྱིམ་ཚང་འགན་སྲུང་བཅས་ཀྱི་རོགས་སྐྱོར་བྱེད་ཐབས་ཀྱི་ཤུགས་ཚད་ཇེ་ཆེར་བཏང་ནས། རྒན་གསོའི་ལས་དོན་དང་རྒན་གསོའི་ཐོན་ལས་གོང་དུ་སྤེལ་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་བྱས་ཤིང་། དབུལ་ཐར་རྫོང་གིས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དེ་ཁ་ཕྱོགས་གཙོ་བོར་འཛིན་པར་སྐུལ་འདེད་དང་། དབུལ་ཐར་ས་ཁུལ་དང་དབུལ་ཐར་མང་ཚོགས་ཀྱི་ནང་གནས་འཕེལ་རྒྱས་སྒུལ་ཤུགས་ཇེ་དྲག་ཏུ་བཏང་ནས། གཞི་རྒྱ་ཆེ་བའི་སྒོ་ནས་ཕྱིར་དབུལ་ཕོངས་སུ་མི་འགྱུར་བའི་མཐའ་ཚད་བརྟན་སྲུང་བྱེད་དགོས། དུས་ནམ་ཡང་ལྷོད་གཡེང་མི་བྱེད་པའི་འགན་འཁྲིའི་ཚོར་བས་བདེ་འཇགས་ཐོན་སྐྱེད་དམ་འཛིན་བྱེད་པ་དང་། ལམ་ལུགས་འཐུས་ཚང་དུ་གཏོང་བ། འགན་འཁྲི་དངོས་འབེབས་བྱས་ཏེ། འབད་བརྩོན་ཆེན་པོས་རིགས་སྣ་ཚོགས་ཀྱི་བདེ་འཇགས་དོན་རྐྱེན་ཆེན་པོ་འབྱུང་བར་སྔོན་འགོག་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་ཆགས་པར་བྱེད་པ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བའི་གཙོ་སྙིང་ཡིན་ལ། མི་རིགས་ས་ཁུལ་གྱི་བྱ་བ་སོ་སོའི་གཙོ་སྙིང་ཡང་ཡིན། མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་འཛུགས་སྐྲུན། ཏང་གི་འཛུགས་སྐྲུན་སོགས་སུ་ཕྱོགས་འཛོལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་གཙོ་སྙིང་དེར་དམ་པོར་དམིགས་དགོས། བཅའ་ཁྲིམས་ཁྲིམས་སྲོལ་འདོན་པ་དང་སྲིད་ཇུས་བྱེད་ཐབས་འདོན་པ་གང་ཡིན་ཡང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་རང་བཞིན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བར་དམིགས་དགོས། བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་ཀྱིས་གཅིག་གྱུར་སྒོས་རྩོམ་སྒྲིག་བྱས་པའི་བསླབ་གཞི་བེད་སྤྱོད་བྱས་ནས། མི་རིགས་སོ་སོའི་ན་གཞོན་གྱིས་རྒྱལ་ཁབ་གཅིག་སྤྱོད་ཀྱི་སྐད་དང་ཡི་གེ་ཤེས་པར་བྱེད་པ་དང་བེད་སྤྱོད་གཏོང་བར་འགན་སྲུང་བྱེད་དགོས། མཁར་གྲོང་འཛུགས་སྐྲུན་གྱི་བཀོད་སྒྲིག་འཆར་འགོད་དང་སྤྱི་བའི་ཞབས་ཞུའི་ཐོན་ཁུངས་ལེགས་སྒྲིག་ལ་གཅིག་འདོམས་བྱེད་པ་དང་། སྔར་ལས་འཐུས་སྒོ་ཚང་བའི་སྒོ་ནས་རིགས་སོ་སོའི་མང་ཚོགས་མཉམ་འཚོ་མཉམ་སློབ་དང་། མཉམ་འཛུགས་མཉམ་སྤྱོད། མཉམ་གྲོས་མཉམ་སྐྱིད་བྱེད་པའི་སྤྱི་ཚོགས་ཀྱི་ཆ་རྐྱེན་གསར་སྐྲུན་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཐུན་མོང་སློབ་གསོ་ལ་བརྟེན་ནས་ཏང་ཡོངས་ཀྱིས་རང་ངོས་གསར་བརྗེའི་སྙིང་སྟོབས་ཀྱིས་ཏང་སྲོལ་ཐད་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་ནི་ལོ་རྒྱུས་ཀྱི་ཉམས་མྱོང་ཧ་ཅང་གལ་ཆེན་ཞིག་ཡིན། མི་དམངས་མང་ཚོགས་ཀྱིས་བརྗོད་དོན་སློབ་གསོར་ཕན་འབྲས་ཡོད་མེད་ལ་བལྟ་བའི་ཆེས་ཐད་ཀར་གྱི་མྱོང་ཚོར་ནི་ཏང་སྲོལ་ཐད་གནས་པའི་གནད་དོན་ཐག་གཅོད་ཐུབ་མིན་དང་། ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་ལ་ཡར་རྒྱས་མངོན་གསལ་ཡོད་མེད་ཡིན་པས། བསླབ་ནས་སྤྱོད་བཟང་སྐྱོང་བ་དམ་འཛིན་བྱས་ཏེ་དམིགས་འབེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སློབ་སྦྱོང་དང་ཞིབ་བཤེར། དག་ཐེར་གསུམ་ཕན་ཚུན་སྦྲེལ་བ་རྒྱུན་འཁྱོངས་བྱེད་པ། ཏང་སྲོལ་གྱི་བླང་བྱར་གཞིགས་ནས་བར་ཁྱད་འཚོལ་བ་དང་། ཏང་གཤིས་ཀྱི་བླང་བྱར་གཞིགས་ནས་འབྱུང་རྩ་འཚོལ་བ། ཏང་གི་སྒྲིག་ཁྲིམས་ཀྱི་བླང་བྱར་གཞིགས་ནས་བྱེད་ཐབས་འཚོལ་བ་བཅས་བྱས་ཏེ་ཞིབ་བཤེར་དག་ཐེར་ལ་ཕན་འབྲས་དངོས་ཐོབ་པར་བྱེད་དགོས། དངོས་གཉེར་སྤྱོད་ཚུལ་དར་སྤེལ་གཏོང་བ་དང་། བརྟག་དཔྱད་ཞིབ་འཇུག་དམ་འཛིན་བྱེད་པ། གནས་ཚུལ་དངོས་ལ་ཞིབ་བཤེར་དང་བྱེད་ཐབས་དངོས་འདོན་པ། གྲུབ་འབྲས་དངོས་ལོན་པར་འབད་བརྩོན་བྱས་ནས། ལས་དོན་ཏན་ཏིག་དང་རྨང་གཞི་བརྟན་པོ། གོམ་པ་བརྟན་པོར་བརྟེན་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤང་ཅི་ཐུབ་བྱེད་པའི་ཐད་དངོས་ཡོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་བྱེད་པ་དང་། ཐེངས་འདིའི་བརྗོད་དོན་སློབ་གསོ་གོ་སྐབས་སུ་བྱས་ནས་བརྟག་དཔྱད་ཞིབ་འཇུག་དར་རྒྱས་གོང་འཕེལ་ཡོང་བར་བྱེད་དགོས། སྲིད་གཙང་གི་སྤྱོད་ཚུལ་དར་སྤེལ་གཏོང་བ་དང་། རིམ་པ་སོ་སོའི་ངགོ་ཁྲིད་ལས་བྱེད་པས་ཡང་དག་པའི་དབང་ཆའི་ལྟ་བ་འཛུགས་པ། ཁྱོན་ཡོངས་ནས་སྤྱོད་གཙང་གི་ཉེན་ཁའི་གནས་འཚོལ་བ། བསམ་བློའི་འགོག་ཐིག་བསྐྲུན་པ་དང་སྒྲིག་ཁྲིམས་ཀྱི་དམར་མཚམས་བརྟན་སྲུང་བྱེད་དགོས། མི་བྱེད་པ་གསུམ་གྱི་བླང་བྱ་ལྟར་འབྲེལ་ཡོད་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྒྲིག་ཁྲིམས་ལག་བསྟར་བྱེད་པ། འགོག་ར་ལེགས་པར་འཛུགས་དགོས་ལ། བབ་ཆགས་ཀྱི་སྤྱོད་ཚུལ་ཆགས་པར་བྱེད་པ་དང་། འཚོ་བའི་སྤྱོད་ཚུལ་གྱི་གནད་དོན་ཞིབ་བཤེར་དག་ཐེར་བྱེད་པ་ནང་དོན་གལ་ཆེན་དུ་བརྩིས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རྣམ་རིག་དྭངས་གསལ་ཡོང་བར་སྐུལ་འདེད་བཏང་སྟེ། ཀྲུང་དབྱང་གི་གཏན་ཁེལ་དོན་ཚན་བརྒྱད་དང་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་འགོག་ར་བརྟན་པོ་འཛུགས་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་ཡིས་མཉམ་དུ་རྟོག་ཞིབ་བྱས།

ལིས་ཀན་ཅེ་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྱིས་མཉམ་དུ་རྟོག་ཞིབ་བྱས་པ་དང་། ཀྲུང་དབྱང་གི་བརྗོད་དོན་སློབ་གསོའི་མཛུབ་སྟོན་ཚན་ཁག་དང་པོའི་འགན་ཁུར་བློ་མཐུན་ཡར་ཞུ་ཚོགས་འདུར་ཞུགས།