ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བདུན་ཉིན་ནང་སོག་ནས་མཐའ་མཚམས་ཀྱི་དོ་དམ་ཚོད་འཛིན་དང་མཐའ་སྲུང་དམག་དཔུང་གི་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་མཛད། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་ཚབ་མཛད་དེ། ནང་སོག་ཏུ་སྡོད་པའི་མཐའ་སྲུང་དམག་དཔུང་གི་བློ་མཐུན་ཚང་མར་ལྷག་བསམ་རྣམ་དག་གི་འཚམས་འདྲི་མཛད། ཁོང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་བའི་ཏང་གི་དམག་དར་དགོངས་པ་དང་དུས་རབས་གསར་བའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱས་ཤིང་། མཐའ་སྲུང་བྱ་བའི་ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་ཆུད་པ་དང་། དམག་དཔུང་གི་ཕྱོགས་ཡོངས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ། མཐའ་སྲུང་གི་ཉེན་སྲུང་དོ་དམ་ཚོད་འཛིན་ནུས་པ་མཐོར་འདེགས་བྱས་ཏེ། ཧུར་ཐག་སྒོས་མེས་རྒྱལ་གྱི་མཐའ་མཚམས་སྲུང་བའི་ལྕགས་རིའི་མུ་ཁྱུད་བསྐྲུན་པ་དང་། དམག་དཔུང་བཙུགས་ནས་ལོ་ངོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།
སྔ་དྲོའི་དུས་ཚོད་བཅུ་ཡས་མས་སུ། ཞི་ཅིན་ཕིང་ནང་སོག་དམག་ཁུལ་ལས་ཁུངས་སུ་ཕེབས་ཏེ། སྔ་གཞུག་ཏུ་བྱང་ཕྱོགས་འཐབ་ཁུལ་དང་སྐམ་དམག ནང་སོག་ཏུ་སྡོད་པའི་མཐའ་སྲུང་སྟོང་ཤོག ནང་སོག་དམག་ཁུལ་བཅས་ཀྱི་འབྲེལ་ཡོད་གནས་ཚུལ་སྙན་ཞུ་བྱས་པར་གསན་པ་དང་། ཞི་ཅིན་ཕིང་གིས་ནང་སོག་མཐའ་སྲུང་དམག་དཔུང་གིས་དུས་ཡུན་རིང་བོར་མེས་རྒྱལ་གྱི་བྱང་མཐའི་བདེ་འཇགས་འགོག་སྒྲིབ་བརྟན་པོར་འཛུགས་པའི་ཐད་ནུས་པ་འདོན་སྤེལ་བྱས་པར་ཁས་ལེན་གང་ལེགས་མཛད།
ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། རང་རྒྱལ་གྱི་མཐའ་སྲུང་བྱ་བའི་སྒྲིག་ལུགས་སྔར་ལས་འཐུས་ཚང་དུ་སོང་ཞིང་། སྟོབས་ཤུགས་སྔར་ལས་ཇེ་ཆེར་སོང་བ་དང་། རྨང་གཞི་སྔར་ལས་ཇེ་བརྟན་དུ་སོང་སྟེ། ཏང་སྲིད་དམག་གསུམ་དང་མི་དམངས་ཀྱི་འདྲིལ་ཤུགས་ལ་བརྟེན་ནས་མཐའ་མཚམས་ཇེ་བརྟན་དུ་གཏོང་བའི་རྣམ་པ་སྔར་ལས་སྲ་བརྟན་དུ་བཏང་ཡོད། དམག་ཡོངས་དང་མཐའ་སྲུང་དམག་དཔུང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་ཐབས་ཇུས་མཛུབ་སྟོན་ལག་བསྟར་བྱས་ཤིང་། བཅོས་བསྒྱུར་བཀོད་སྒྲིག་དངོས་འབེབས་དང་། དམག་སྦྱོང་དམག་གྲབས་ལ་ཤུགས་སྣོན་བྱས་ཏེ། མཐའ་སྲུང་བདེ་འཇགས་དང་མཐའ་མཚམས་ས་ཁུལ་གྱི་གཏན་འཇགས་ལ་སྲུང་སྐྱོབ་གང་ལེགས་བྱས་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་ལ་སྲུང་སྐྱོབ་གང་ལེགས་བྱས་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱལ་སྐྱོང་བྱེད་ན་ངེས་པར་དུ་མཐའ་མཚམས་སྐྱོང་དགོས། མཐའ་སྲུང་བྱ་བ་ནི་རྒྱལ་སྐྱོང་བདེ་འཇགས་ཡོང་བའི་དོན་ཆེན་ཡིན་ལ། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་བ། བཅོས་བསྒྱུར་འཕེལ་རྒྱས། གཏན་འཇགས་བཅས་ཀྱི་ཆེ་ཕྱོགས་དང་། ཕྱི་ཕྱོགས་བྱ་བའི་ཆེ་ཕྱོགས། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་བཅས་ལ་འབྲེལ་ཡོད་པས། མཐའ་སྲུང་བྱ་བ་བཟང་བོར་བསྒྲུབས་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གསལ་བོ་བྱེད་པ་དང་། འགན་འཁྲིའི་ཁག་ཁུར་ཇེ་དྲག་ཏུ་བཏང་སྟེ། ཏང་དང་མི་དམངས་ཀྱི་ཆེད་དུ་མཐའ་མཚམས་བརྟན་སྲུང་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། བསམ་བློའི་ཐད་དང་ཆབ་སྲིད་ཐད་ནས་དམག་དཔུང་འཛུགས་སྐྲུན་བྱེད་པར་མཐོང་ཆེན་བྱས་ཤིང་། འབད་བརྩོན་ལྷོད་མེད་ཀྱིས་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བླ་སྲོག་བསྐྲུན་པ་དང་། ཆབ་སྲིད་སྒྲིག་ལམ་དང་མང་ཚོགས་ཀྱི་སྒྲིག་ལམ། ཕྱི་དོན་སྒྲིག་ལམ། མི་རིགས་ཆོས་ལུགས་སྲིད་ཇུས་སློབ་གསོ་བཅས་ལ་ཤུགས་སྣོན་བྱས་ཏེ། དམག་དཔུང་གི་རྣམ་དག་སྲ་བརྟན་དང་ཚད་མཐོའི་གཅིག་བསྡུས་གཅིག་གྱུར་ལ་འགན་སྲུང་བྱེད་དགོས། ལས་ཡུལ་དང་པོའི་དམག་དཔུང་གི་སྣེ་ཁྲིད་པ་གསོ་སྐྱོང་བྱེད་པར་ཤུགས་བསྣན་ནས་མཐའ་སྲུང་ཆེད་ལས་འཇོན་མིའི་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མཐའ་སྲུང་དཔོན་དམག་ལ་དཀའ་སྡུག་ཆེ་བས། རིམ་པ་སོ་སོས་དཔོན་དམག་གི་སྐྱིད་སྡུག་སེམས་ལ་བཅངས་ནས། རང་འགུལ་གྱིས་དོན་དངོས་དཀའ་ཁག་ཐག་གཅོད་བྱས་ནས། ཕྱོགས་སོ་སོའི་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་དགོས།
ཞི་ཅིན་ཕིང་གིས་མཇུག་མཐར་ནན་གྱིས་བསྟན་དོན། ཏང་སྲིད་དམག་གསུམ་དང་མི་དམངས་ཀྱི་འདྲིལ་ཤུགས་ལ་བརྟེན་ནས་མཐའ་མཚམས་བརྟན་སྲུང་བྱེད་པ་ནི་རང་རྒྱལ་གྱི་མཐའ་སྲུང་བྱ་བའི་ཐུན་མིན་ཁྱད་སྟོབས་ཡིན། དམག་དཔུང་གིས་རང་འགུལ་གྱིས་ས་གནས་བར་གྱི་འབྲེལ་འདྲིས་མཐུན་སྦྱོར་བྱ་བ་བཟང་བོར་བསྒྲུབ་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག ས་གནས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་མཐའ་སྲུང་དམག་དཔུང་གི་འཛུགས་སྐྲུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་དགོས་ལ། རྒྱལ་ཁབ་མཐའ་སྲུང་ཨུ་ཡོན་ལྷན་ཁང་དང་རིམ་པ་སོ་སོའི་མཐའ་སྲུང་ཨུ་ཡོན་ལྷན་ཁང་གིས་འགན་འཁྲིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་མཐའ་སྲུང་བྱ་བའི་རྣམ་པ་གསར་བ་གསར་འབྱེད་བྱེད་དགོས།
ཧི་ཝེ་ཏུང་སོགས་གོང་གི་བྱ་འགུལ་ལ་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།