ཀྲའོ་ལི་ཅི་ཡིས་སི་ཁྲོན་ཞིང་ཆེན་དུ་རྟོག་ཞིབ་མཛད།
2023.06.10 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 14

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཨུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཟླ་དྲུག་པའི་ཚེས་དྲུག་ཉིན་ནས་ཚེས་དགུ་ཉིན་བར་སི་ཁྲོན་ཞིང་ཆེན་དུ་རྟོག་ཞིབ་མཛད།

ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས། རང་འགུལ་གྱིས་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་དམངས་ཆེན་བྱ་བའི་ལག་ལེན་ལ་མཛུབ་སྟོན་བྱེད་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་དམངས་ཆེན་ཁྲིམས་འཛུགས་དང་ལྟ་རྟོག འཐུས་མི་སོགས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་འཐུས་ཚང་བཏང་སྟེ་བེད་སྤྱོད་གང་ལེགས་བྱས་ནས། དུས་རབས་གསར་བའི་དམངས་ཆེན་བྱ་བའི་གྲུབ་འབྲས་གསར་བས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་དགོས།

ཀྲའོ་ལི་ཅི་ཡིས་སོ་སོར་སི་ཁྲིན་ཞིང་ཆེན་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུར་གསན་པ་དང་། གཞི་རིམ་ཏང་རྩ་འཛུགས་སུ་ཕེབས་ནས་རྟོག་ཞིབ་མཛད།

ཀྲའོ་ལི་ཅི་ཡིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་ཁྲིད་ནས་ས་བོན་བཅའ་ཁྲིམས་ལག་བསྟར་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་ཤིང་། སྔ་གཞུག་ཏུ་ཁྲིན་ཏུའུ་དང་ཏི་དབྱང་། མེན་དབྱང་སོགས་ས་ཆའི་ཚན་རིག་ཞིབ་འཇུག་ཁང་དང་ས་བོན་རྟེན་གཞི། ཞིང་བའི་ཁེ་ལས་བཅས་སུ་ཕེབས་ཏེ་ཡུལ་དངོས་ནས་ཞིབ་བཤེར་བྱས་པ་དང་། མགོ་འཛིན་མཛད་ནས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། སྲིད་གཞུང་སྡེ་ཁག་དང་དམངས་ཆེན་གྱི་འཐུས་མི། ཆེད་མཁས་པ་སོགས་ཀྱི་ཁྲིམས་ལྟར་ས་བོན་བཅོས་སྐྱོང་དང་ཁྲིམས་ལྟར་འདེབས་འཛུགས་དར་སྤེལ་བྱེད་པའི་གྲོས་གཞིར་གསན།

ཀྲའོ་ལི་ཅི་ཡིས་མགོ་འཛིན་མཛད་དེ་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གྱི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། སྒྲིག་ལུགས་ཀྱི་ཁྲིམས་འཛུགས་འཆར་འགོད་དང་། དུས་རབས་གསར་བའི་ཁྲིམས་འཛུགས་བྱ་བ་བཟང་བོར་བསྒྲུབས་པའི་ཐད་ནས་བསམ་འཆར་དང་གྲོས་གཞིར་གསན།

ཀྲུང་དབྱང་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་དང་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་། བརྗོད་དོན་སློབ་གསོའི་ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་ཐེངས་བཅུ་གཉིས་པའི་འགན་ཁུར་བློ་མཐུན་སོགས་འབྲེལ་ཡོད་རྟོག་ཞིབ་ལ་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།