ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ་དྲུག་པའི་ཚེས་བདུན་ཉིན་ནས་ཚེས་བརྒྱད་ཉིན་བར་ལའོ་ཉིན་ཞིང་ཆེན་དུ་རྟོག་ཞིབ་མཛད། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱང་ཤར་དར་རྒྱས་ཀྱི་རྣམ་བཤད་གལ་ཆེན་གཏིང་ཟབ་ཏུ་ལག་ལེན་དངོས་འབེབས་བྱས་ཤིང་། འཐུས་ཚང་དང་ཡང་དག ཕྱོགས་ཡོངས་ནས་འཕེལ་རྒྱས་གསར་བའི་འདུ་ཤེས་ལག་བསྟར་བྱེད་པ་དང་། ཤུགས་ཆེན་པོས་ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱེད་པ། ཕྱོགས་ཡོངས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཇེ་དྲག་ཏུ་བཏང་ནས། བྱང་ཤར་ས་ཁུལ་གྱི་དར་རྒྱས་ལ་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་གཏོང་དགོས།
ཚེས་བདུན་ཉིན། ལིས་ཆང་སྔ་གཞུག་ཏུ་ཀྲུང་གོ་ཚན་རིག་གླིང་ཏཱ་ལེན་རྫས་འགྱུར་དངོས་ལུགས་ཞིབ་འཇུག་ཁང་དུ་ཕེབས་ཏེ། ཚན་རིག་ཞིབ་འཇུག་འགག་སྒྲོལ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད་པ་དང་། ཁོ་ཚོས་སྒྲིག་ལུགས་རྐྱེན་སྲོལ་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་གསར་གཏོད་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས། ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་སྟོབས་རང་སྤེལ་ལ་ཞབས་འདེགས་ཞུ་བའི་ཐད་ཡང་བསྐྱར་བྱས་རྗེས་གསར་བ་འཇོག་དགོས་པའི་རེ་བ་བཏོན།
ཚེས་བརྒྱད་ཉིན་གྱི་སྔ་དྲོར། ལིས་ཆང་ཧྲིན་དབྱང་ཐའོ་ཅིན་ཚན་རྩལ་ཀུང་ཟི་དང་ཞིན་ཡོན་ཝེ་ཀུང་ཟིར་ཕེབས་ནས། ཁེ་ལས་དེ་གཉིས་ཀྱིས་གནད་འགག་གི་ལག་རྩལ་དང་ཐོན་རྫས་གལ་ཆེན་ཐད་ནས་གྲུབ་འབྲས་བླངས་ཡོད་པ་ཐོས་ནས་ལིས་ཆིང་དགའ་སྤྲོ་ཆེན་པོ་སྐྱེས། ཁོང་གིས་གསུང་དོན། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་ན་གཙོ་བོ་ཁེ་ལས་ཡིན་པ་དང་། གནད་འགག་འཇོན་མིར་རག་ལས་ཡོད། ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས་གནམ་འོག་གི་འཇོན་མི་གཅིག་བསྡུས་ཀྱིས་བཀོལ་བ་དང་། གསར་གཏོད་སྐྱེ་ཁམས་བཟང་བོ་ཆགས་པར་བྱས་ནས་ཐོན་ལས་དང་ཚན་རིག་ཞིབ་འཇུག་གཏིང་ཟབ་ཏུ་མཉམ་འདྲེས་བྱས་ནས། ཚན་རྩལ་རྣམ་པ་ཅན་གྱི་ཁེ་ལས་འཚར་ལོངས་འབྱུང་དུ་འཇུག་དགོས་ཟེར།
རྟོག་ཞིབ་བྱེད་སྐབས་ལིས་ཆང་གིས་མགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས། ལའོ་ཉིན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་དང་གྲོང་ཁྱེར་དང་རྫོང་། ཁེ་ལས་བཅས་སྐོར་ཞིག་གི་འགན་ཁུར་བློ་མཐུན་གྱི་གཏམ་བཤད་ལ་གསན་རྗེས། ལིས་ཆང་གིས་བསྟན་དོན། བྱང་ཤར་ས་ཁུལ་གྱི་དར་རྒྱས་ལ་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱང་ཤར་དར་རྒྱས་ཐད་ཀྱི་རྣམ་བཤད་གལ་ཆེན་གཏིང་ཟབ་ཏུ་ལག་ལེན་དངོས་འབེབས་བྱས་ཤིང་། གོ་སྐབས་གསར་བ་དམ་འཛིན་དང་ཤུགས་འདོན་སའི་གནད་ཡང་དག་པར་བཙལ་ནས། ཁྱད་སྟོབས་འདོན་སྤེལ་དང་མི་འདང་ས་ཁ་གསབ་བྱེད་དགོས་ཟེར། ཁོང་གིས་ནན་གྱིས་བསྟན་དོན། ཕྱོགས་ཡོངས་ནས་ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱེད་པའི་ཐད་འབད་བརྩོན་བྱས་ནས། གནད་དོན་གྱི་ཁ་ཕྱོགས་དང་དགོས་མཁོའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། སྤྱོད་གཙང་སྲིད་ཚོང་འབྲེལ་བ་འཛུགས་པ་དང་། ལྷག་བསམ་རྣམ་དག་གིས་ཁེ་ལས་ཀྱི་དཀའ་ཁག་སེལ་རོགས་བྱས་ནས། ཁེ་ལས་དག་ལ་སྔར་ལས་ལྷག་པའི་སྒོ་ནས་ཐོབ་ཚོར་ལྡན་པར་བྱེད་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།