ཁྲིན་ཀང་གིས་ཡུའུ་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།
2023.06.10 ཁུངས། ཀློག་གྲངས། 20

ཟླ་དྲུག་པའི་ཚེས་བརྒྱད་ནས་ཚེས་དགུ་ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་ཡུའུ་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་དང་ནང་ཆེན་རྫོང་ལ་བྱ་བའི་རྟོག་ཞིབ་བྱེད་དུ་སོང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བར་བཏོན་པའི་གསུངས་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོས་དོན་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། རང་བྱུང་ལ་གུས་སེམས་ལྡན་པ་དང་། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་བཏང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། དམངས་ཚིས་ཀྱི་བདེ་སྐྱིད་ལ་ཡར་སྐུལ་བྱེད་པའི་དོན་དངོས་འགུལ་བསྐྱོད་དུ་བསྒྱུར་ནས། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ལེགས་སྒྱུར་གྱི་གཉིས་རྒྱལ་ལམ་བུ་རུ་བསྐྱོད་དགོས་པར་ནན་བཤད་བྱས།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྫ་ཆུའི་ར་བའི་ཁུལ་ཧྲིལ་བོ་རྫ་སྟོད་རྫོང་གི་མངའ་ཁོངས་སུ་ཆགས་ཡོད། རྫ་ཆུའི་བཞུར་རྒྱུད་ཀྱི་རྣམ་སྲས་འགག་ལམ་རིང་མོབརྒྱུད་དུས་སུ། གནས་འདིའི་གཙང་ཆབ་ཀྱི་བཞུར་རྒྱུན་དྲག་ཏུ་རྒོལ་ཞིང་། འབྲུ་ཤུག་རྩེ་བརྒྱའི་ལོ་འདབ་རབ་ཏུ་རྒྱས་ཡོད་པ་མ་ཟད། ལྗོངས་ཀྱི་བཀོད་པ་མཛེས་སྡུག་ཡིད་དུ་འོང་། ཁྲིན་ཀང་རྣམ་སྲས་ཡུལ་ཚོ་གནས་མདོ་སྡེ་བའི་སྐྱེ་ཁམས་ཚོད་ལྟའི་ཁྱིམ་ཚང་ཡུལ་ཐར་ཚང་ལ་སོང་ནས། ས་གནས་འབྲོག་དམངས་སྐྱེ་ཁམས་ལྟ་སྲུང་དང་། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཁྲོད་ཞུགས་ནས་ཡོང་འབབ་འཕར་ཞིང་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། སེམས་ནས་དགའ་སྤྲོ་སྐྱེས་ནས་གཏམ་སྤྱོད་ཀུན་གྱིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་གཏམ་རྒྱུད་ལེགས་པར་བཤད་དགོས་པའི་མངགས་བཅོལ་གནང་། དེའི་རྗེས་སུ་ཁྲིན་ཀང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་རང་བྱུང་སློབ་གསོའི་རྟེན་གཞི་རུ་སོང་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གནས་ཚུལ་དང་། རྫ་ཆུའི་བཞུར་རྒྱུད་སྲུང་སྐྱོབ་དང་བཅོས་སྐྱོང་གི་གནས་ཚུལ་བཅས་ལ་རྒྱུས་ལོན་བྱས་པ་དང་། རྫ་ཆུའི་བཞུར་རྒྱུན་དུ་འཁྱམས་སྐྱོད་སྒར་འདེབས་བྱེད་པའི་རུ་ཁག་དང་པེ་ཅིན་སློབ་ཆེན་གྱི་འབུམ་རམས་པའི་དཔུང་ཚོགས་ལ་བསམ་ཚུལ་བརྗེ་རེས་གཏིང་ཟབ་བྱས་པ་མ་ཟད། དམིགས་བསལ་གྱི་ལས་གཞིའི་རྣམ་གྲངས་གང་དག་ལག་བསྟར་བྱས་ཆོག་པ་དང་། ཚན་རིག་ཞིབ་འཇུག་གི་གནས་ཚུལ་འདྲི་རྩད་བྱས། ཁྲིན་ཀང་གིས་ནན་གྱིས་བསྟན་དོན། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱས་ནས། སྐྱེ་ཁམས་དོ་སྲུང་བའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། གཙང་ཆབ་ལ་སྲུང་སྐྱོབ་དང་རི་སྐྱེས་རི་དྭགས་དང་རྩི་ཤིང་ལ་གཅེས་སྐྱོང་བྱས་ནས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་ཞོར་དུ་མང་ཚོགས་ཀྱི་ཡོང་འབབ་འཕར་དུ་འཇུག་དགོས། དེ་མིན་ད་དུང་ན་གཞོན་ཚན་རིག་ཞིབ་འཇུག་བྱ་བ་སྒྲུབ་མཁན་དག་གིས་མཐོ་སྒང་དུ་རྩ་བ་ཚུགས་ཤིང་། ལུས་སེམས་ཚན་རིག་ལ་འབུལ་པ་དང་། དཔྱད་རྩོམ་ཡང་མཚོ་སྔོན་གྱི་ས་གཞིའི་སྟེང་འབྲི་དགོས་ཟེར། ད་ལྟ་དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་ལ་སླེབས་ཡོད་པས། ཁྲིན་ཀང་བྱ་ཕུག་ཐང་གྲོང་རྡལ་ས་ཆེན་སྡེ་བའི་དབྱར་རྩྭ་བརྐོ་བའི་ལྟེ་གནས་སུ་སོང་ནས། མང་ཚོགས་དང་མཉམ་དུ་དབྱར་རྩྭ་བརྐོས། ཁོས་ས་གནས་འགན་ཁུར་བ་རྣམས་ཀྱིས་ཞབས་ཞུའི་འགན་སྲུང་བྱ་བ་ལེགས་པོར་སྒྲུབ་དགོས་པའི་མངགས་བཅོལ་གནང་པ་མ་ཟད། རྩྭ་ས་ལ་གནོད་སྐྱོན་མི་བཟོ་བའི་སྔོན་འགྲོའི་ཆ་རྐྱེན་འོག་ནས་ད་གཟོད་དབྱར་རྩ་བརྐོ་དགོས་པ་དང་། དབྱར་རྩྭའི་ཐོན་ཁུངས་དང་མང་ཚོགས་ཀྱི་ཡོང་འབབ་ཀྱི་རྒྱུན་མཐུད་རང་བཞིན་ལ་ཁག་ཐེག་བྱ་དགོས་ཟེར། 

ནང་ཆེན་རྫོང་དུ་ཁྲིན་ཀང་ཤར་མདའ་གྲོང་རྡལ་ཆུ་འདུས་སྡེ་བ་ལ་སོང་ནས། ཡུའུ་ཧྲུའུ་ཁུལ་གྱི་ཞིང་འབྲོག་ས་ཆའི་ཏང་ཀྲི་པུའུ་དང་པོའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་རྒྱུས་ལོན་བྱས་ཤིང་། དམར་པོའི་སྲོལ་རྒྱུན་རྒྱུན་འཛིན་དར་སྤེལ་བྱེད་པ་དང་། གཞི་རིམ་ཏང་འཛུགས་ཀྱི་གཅིག་ཅན་དྲུག་གི་བྱ་བའི་རེ་བ་ལག་ལེན་མཐར་ཕྱིན་བྱས་ནས། གཞི་རིམ་ཏང་ཀྲི་པུའུ་ཡི་འཐབ་རྩོད་ཀྱི་འཛིང་རགས་དང་ཏང་ཡོན་གྱི་སྔོན་བསྐྱོད་དཔེ་སྟོན་ནུས་པ་སྔར་མེད་ཇེ་དྲག་ཏུ་གཏོང་དགོས་ལ། ཐོན་ལས་འཕེལ་རྒྱས་ཀྱི་སྣེ་ཁྲིད་མི་སྣ་ལེགས་པར་གདམ་ནས། དབུལ་ཐར་འཁྲེགས་གཏོར་གྱི་གྲུབ་འབྲས་དེ་གྲོང་གསེབ་དར་སྤེལ་དང་ཕན་ཡོད་སྦྲེལ་མཐུད་སྲ་བརྟན་བྱེད་པ་མངོན་འགྱུར་བྱས་ཏེ། དཔེ་སྟོན་སྡེ་བའི་འཆར་འགོད་དེ་གྲོང་གསེབ་དར་སྤེལ་གྱི་ལག་ལེན་དུ་འགྱུར་བར་བྱེད་དགོས། དཔལ་གྲགས་ནས་ཀྱི་འདེབས་འཛུགས་རྟེན་གཞི་དང་། ནང་ཆེན་དབུལ་སྐྱོར་ཐོན་ལས་ར་བ་བཅས་སུ། ཁྲིན་ཀང་གིས་ནས་ཀྱི་འདེབས་འཛུགས་དང་ནས་ནག་གི་ཝུ་ཆང་། བོད་སྨན་གྱི་རྒྱུ་ཆ། རྫ་ནག  སྤོས། འདམ་བཟོས་འཇིམ་གྱི་ལས་སྣོན་སོགས་ཐོན་ལས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་ཤིང་། ཁེ་ལས་འགན་ཁུར་བས་ཐོན་སྐྱེད་ཁེ་གཉེར་དང་ཁྲོམ་ར་ཧུར་ཐག་གིས་རྒྱ་སྐྱེད་བྱེད་པར་སྐུལ་འདེད་བཏང་ལ། ཤུགས་ཆེན་པོས་མཐོ་སྒང་ལྗང་མདོག་ཁྱད་ལྡན་ཞིང་ཕྱུགས་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་། གཟུགས་འདས་ཤུལ་བཞག་རིག་གནས་ལ་སྲུང་སྐྱོབ་དང་རྒྱུན་འཛིན་བྱས་ནས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་། ཤར་ནུབ་མཉམ་ལས་ཀྱི་དགེ་མཚན་བེད་སྤྱོད་གང་ལེགས་བྱས་ནས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དེ་མཚོ་སྔོན་ནས་རྒྱལ་ཡོངས་སུ་བསྐྱོད་ཐུབ་པར་བྱ་དགོས་པར་ནན་བཤད་བྱས། ནང་ཆེན་རྫོང་མི་དམངས་སྨན་ཁང་དུ། ཁྲིན་ཀང་གིས་སྨན་ཁང་གི་འཛུགས་སྐྲུན་བྱ་བར་ཁས་ལེན་གང་ལེགས་བྱས་ལ། པེ་ཅིན་དང་ཞིང་ཆེན་ནང་ཁུལ་གྱི་ཆེད་མངགས་སྨན་པའི་བྱ་བ་སྒྲུབ་མཁན་ཚོར་བཀའ་དྲིན་ཞུས་རྗེས། ཁོས་ཚན་སྐོར་རྣམ་པའི་སྨན་བཅོས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། མཚོ་སྔོན་ལྷོ་ཕྱོགས་ཀྱི་དང་བླངས་སྨན་བཅོས་རོགས་སྐྱོར་གྱི་བྱེད་ནུས་ཐོན་པར་བྱས་ཏེ། མང་ཚོགས་ཀྱི་དོན་དངོས་དགོས་མཁོ་ལྟར་རིམ་པ་དགར་ནས་ནད་བརྟག་སྨན་བཅོས་བྱེད་པ་དང་། གཞི་རིམ་སྨན་བཅོས་ནུས་པ་མཐོར་འདེགས་སུ་བཏང་ནས། མི་དམངས་མང་ཚོགས་ཀྱི་ཉིན་རེར་འཕར་བཞིན་པའི་འཕྲོད་བསྟེན་བདེ་ཐང་གི་དགོས་མཁོ་ཚིམ་པར་བྱེད་དགོས་པར་ནན་གྱིས་བསྟན། 

ཀྲུའུ་ཞང་ཧྥུན་མཉམ་དུ་རྟོག་ཞིབ་བྱ་བའི་ཁྲོད་ཞུགས། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།