ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནང་སོག་ཏུ་མཐའ་མཚམས་དོ་དམ་དང་མཐའ་སྲུང་དམག་དཔུང་འཛུགས་སྐྲུན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་ལ་དམག་དཔུང་ཡོངས་སུ་ཚུར་སྣང་དྲག་པོ་བྱུང་།
2023.06.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བདུན་ཉིན་ནང་སོག་ཏུ་མཐའ་མཚམས་དོ་དམ་དང་མཐའ་སྲུང་དམག་དཔུང་གི་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་མཛད་སྐབས་གསུང་བཤད་གལ་ཆེན་གནང་ནས། དམག་དཔུང་གི་ཕྱོགས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། མཐའ་མཚམས་འགོག་སྲུང་དོ་དམ་གྱི་ནུས་པ་ཇེ་ཆེར་བཏང་ནས། རྒྱལ་སྲུང་མཐའ་སྲུང་གི་ཧྲག་དམག་ཧུར་ཐག་གིས་བསྐྲུན་དགོས་ཞེས་ནན་གྱིས་གསུངས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་ལ་དམག་དཔུང་ཡོངས་སུ་ཚུར་སྣང་དྲག་པོ་བྱུང་། དཔོན་དམག་རྣམས་ཀྱིས་ལང་ལོང་སྒོས་བསྟན་དོན། སྤྱི་འདོམས་བཀོད་འདོམས་དཔོན་པོའི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས། ལྷག་བསམ་རྣམ་དག་གིས་འགན་འཁྲི་ལག་བསྟར་བྱེད་པ་དང་། མཐའ་མཚམས་འཛུགས་སྐྲུན་བྱེད་པ་དང་སྲ་བརྟན་དུ་བཏང་སྟེ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་ཐུགས་བདེ་བར་བྱེད་རྒྱུ་ཡིན་ལ། མེས་རྒྱལ་དང་མི་དམངས་སེམས་བདེ་བར་བྱེད་རྒྱུ་ཡིན་ཟེར།

ཚེས་བདུན་གྱི་སྔ་དྲོར། ཀྲུའུ་ཞི་ཞི་ཅིན་ཕིང་ནང་སོག་དམག་ཁུལ་ལས་ཁུངས་སུ་ཕེབས་ནས། མཐའ་མཚམས་དོ་དམ་དང་མཐའ་སྲུང་དམག་དཔུང་འཛུགས་སྐྲུན་སྐོར་གྱི་འབྲེལ་ཡོད་གནས་ཚུལ་གྱི་ཡར་ཞུར་གསན་པར་མ་ཟད་གསུང་བཤད་གལ་ཆེན་གནང་ནས། མཐའ་སྲུང་བྱ་བ་ལེགས་པར་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་བཏང་ནས། ཏང་དང་མི་དམངས་ཀྱི་ཆེད་དུ་མཐའ་མཚམས་སྲུང་སྐྱོབ་བཟང་བོ་བྱེད་པ་དང་མཐའ་སྲུང་སྲ་བརྟན་བཟང་བོ་གཏོང་དགོས་ཞེས་ནན་གྱིས་གསུངས། དཔོན་དམག་རྣམས་ཀྱིས་ཡོངས་ཁྱབ་ཏུ་བལྟས་ན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་ཀྱིས་མཐའ་མཚམས་དམག་དཔུང་འཛུགས་སྐྲུན་བཟང་བོ་བྱེད་པ་དང་མཐའ་སྲུང་བྱ་བ་བཟང་བོར་སྒྲུབ་པར་ཁ་ཕྱོགས་གསལ་བོ་བསྟན་པ་དང་། རྩ་བའི་བསྲུང་བྱ་འདོན་སྤྲོད་བྱས་ཡོད་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བློ་སྡུད་སེམས་སྒྲིལ་བྱེད་པ་དང་། ཞི་ཅིན་ཕངི་གི་དམག་དར་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་པ་བཅས་བྱས་ཏེ། དམག་ཨུའི་འགན་ཁུར་ལམ་ལུགས་ལག་བསྟར་བྱས་ནས། མཐའ་མཚམས་སྲུང་བའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་འགན་འཁྲི་དང་ལས་འགན་ལ་དམ་དུ་སྦྲེལ་ནས་དམག་སྦྱོང་དང་དམག་འཁྲུག་གྲ་སྒྲིག་ལ་ཤུགས་བསྣན་ཏེ། འཐབ་འཛིང་ནུས་པ་ཇེ་དྲག་ཏུ་གཏོང་དགོས། ཆ་འཕྲིན་ཅན་གྱི་མཐའ་སྲུང་དང་མཐའ་མཚམས་དོ་དམ་ནུས་པ་འཛུགས་སྐྱོང་གི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། མཐའ་སྲུང་ལས་རེས་ཀྱི་ཐབས་ཤེས་བསྒྱུར་ནས། མཐའ་མཚམས་དོ་དམ་གྱི་ཕན་ནུས་མཐོར་འདེགས་བྱེད་དགོས་ཞེས་ནན་གྱིས་གསུངས། དཔོན་དམག་རྣམས་ཀྱིས་སློབ་སྦྱོང་དང་གྲོས་སྡུར་བྱེད་སྐབས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་དམག་འཁྲུག་གྲ་སྒྲིག་གི་ཁ་ཕྱོགས་གསལ་བོར་བསྟན་ཡོད་པས། དམག་དཔུང་དར་རྒྱས་སུ་གཏོང་བའི་བརྩོན་སེམས་ཆེ་རུ་བསྐྱེད་དགོས་ཞེས་བསྟན།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། དམག་དཔུང་དང་ས་གནས་ཀྱིས་མཉམ་དུ་འབད་བརྩོན་བྱས་པས། རང་རྒྱལ་གྱི་མཐའ་སྲུང་བྱ་བའི་སྒྲིག་སྲོལ་སྔར་ལས་འཐུས་ཚང་དུ་གྱུར་བ་དང་། སྟོབས་ཤུགས་སྔར་ལས་ཇེ་ཆེར་གྱུར་ལ། རྨང་གཞི་སྔར་ལས་སྲ་བརྟན་དུ་སོང་ནས། ཏང་སྲིད་དམག་དམངས་ཀྱིས་མཉམ་དུ་མཐའ་མཚམས་སྲ་བརྟན་དུ་གཏོང་བའི་སྣང་ཚུལ་རྒྱུན་མ་ཆད་པར་སྲ་བརྟན་དུ་གྱུར་ཡོད།