ལིས་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆེད་དོན་སློབ་སྦྱོང་ཐེངས་གཉིས་པ་བསྡུས།
2023.06.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 43

ཟླ་དྲུག་པའི་ཚེས་དགུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆེད་དོན་སློབ་སྦྱོང་ཐེངས་གཉིས་པ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོའི་སྐོར་གྱི་གསུང་བཤད་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་བྱས་པ་དང་། ལས་འགན་ལག་བསྟར་བྱས་ཏེ་ཟླ་གསུམ་འགོར་བའི་རིང་གི་བྱ་བ་དང་བརྟག་དཔྱད་ཀྱི་གནས་ཚུལ་ལ་སྦྲེལ་ནས། སློབ་སྦྱོང་གི་མྱོང་ཚོར་བརྗེ་རེས་བྱས་ཤིང་། བྱ་བ་སྔར་ལས་བཟང་བོར་སྒྲུབ་པའི་བསམ་ཕྱོགས་དང་བྱེད་ཐབས་ལ་ཞིབ་འཇུག་དང་འཆར་འགོད་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་སློབ་སྦྱོང་ལ་མགོ་འཛིན་མཛད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་རྒྱལ་སྲིད་ཨུ་ཡོན་གྱིས་བརྗེ་རེས་གཏམ་བཤད་སྤེལ།

ལིས་ཆང་གིས་བརྗེ་རེས་གཏམ་བཤད་ལ་གསན་རྗེས་བསྟན་དོན། སྐབས་གསར་པའི་སྲིད་གཞུང་གིས་ད་ལྟའི་བྱ་བའི་རྨང་གཞིའི་སྟེང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྔར་ལས་ནུས་པ་དང་ཕན་འབྲས་ལྡན་པར་ལག་བསྟར་བྱེད་དགོས་ལ། ཆེས་རྩ་བར་གྱུར་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲས་རྒྱུ་དང་ལག་ལེན་ལ་མཛུབ་སྟོན་བྱེད་རྒྱུ། བྱ་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། གནད་དོན་ཁྲིད་ཕྱོགས་དེ་བརྟག་ཐབས་གལ་ཆེན་དུ་བརྩི་བ་དང་། གཏན་ཁེལ་གསལ་བོ་བྱས་པའི་ངེས་གནས་སྔར་ལས་བཟང་བོར་ལག་བསྟར་བྱེད་པ་དང་། སྲིད་ཇུས་ཀྱི་ཚོགས་སྒྲིལ་རང་བཞིན་དང་མཐུན་སྦྱོར་རང་བཞིན། ནུས་ལྡན་རང་བཞིན་བཅས་ཇེ་དྲག་ཏུ་གཏོང་བ། བསམ་གཞིགས་ཀྱི་བཀག་རྒྱ་དང་བྱ་སྤྱོད་ཀྱི་ཚད་བཀག་གཏོར་བ། བརྒལ་གཏོར་རང་བཞིན་ཆེ་བའི་བྱ་བའི་ཐབས་ཤེས་ལ་ཇུས་འགོད་བྱེད་པ། དོན་འཁྱོལ་དམ་དུ་འཛིན་པའི་ཕན་ནུས་ཇེ་ཆེར་གཏོང་བ། ཕྱོགས་སོ་སོའི་བརྩོན་སེམས་བསྐྱེད་པ་སོགས་ལ་དམིགས་ཏེ་བསམ་གཞིགས་ཞིབ་མོ་བཏང་ནས། ཚད་གཞི་དང་བླང་བྱ་སྔར་ལས་མཐོན་པོས་ཞིབ་གཟིགས་བྱས་ཏེ། རང་རྟོགས་ཀྱིས་ཕྱོགས་སོ་སོའི་བྱ་བ་ལེགས་སྒྱུར་བྱེད་དགོས།

ལིས་ཆང་གིས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་དུ་བསྟར་བའི་ལག་བསྟར་པ་དང་འགུལ་སྐྱོད་པ། དངོས་སྒྲུབ་པ་བཅས་བཟང་བོར་བྱེད་པ་ནི། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲུང་སྐྱོང་གཉིས་ལག་ལེན་དུ་བསྟར་བའི་གཅིག་བསྡུས་ཀྱི་མཚོན་རྟགས་ཡིན། ངེས་གནས་འདི་སྔར་ལས་བཟང་བོར་ལག་བསྟར་བྱེད་ན། ངེས་པར་དུ་དོན་དངོས་ཀྱི་བྱ་སྤྱོད་དང་བྱ་བའི་གྲུབ་འབྲས་སྟེང་ནས་དོན་འཁྱོལ་དང་མངོན་མཚོན་བྱེད་དགོས་ལ། ཚད་གཞི་དང་འཆར་གཞི་ལ་བསྟུན་པའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་ནས། ང་ཚོས་འཆར་འགོད་བྱས་པའི་སྲིད་ཇུས་སྣ་ཚོགས་དང་སྤྱད་པའི་བྱེད་ཐབས་སྣ་ཚོགས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་དོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གི་བླང་བྱ་དང་སྔར་ལས་མཐུན་པར་བྱེད་ཅི་ཐུབ་བྱེད་དགོས། བྲེལ་འཚུབ་དང་མགྱོགས་མྱུར་སྒོས་དོན་དག་སྒྲུབ་པའི་སྤྱོད་ཚུལ་སྔར་ལས་ཤུགས་ཆེར་གཏོང་བ་དང་། དུས་ཚོད་དམ་འཛིན་གྱི་བརྩོན་སེམས་བཅངས་ཏེ། ལག་བསྟར་གྱི་གསར་གཏོད་རང་བཞིན་དང་འགུལ་སྐྱོད་ཀྱི་ཤུགས་ཚད། དངོས་སྒྲུབ་ཀྱི་ཕན་འབྲས་བཅས་ཧུར་ཐག་གིས་མཐོར་འདེགས་བྱེད་དགོས། ཏང་ཀྲུང་དབྱང་གིས་བཀོད་སྒྲིག་གསལ་བོ་བྱས་པའི་དོན་དག་རྣམས་དུས་མཚམས་བགར་ནས་དམ་འཛིན་ལྷོད་མེད་དང་དམ་འཛིན་མཐའ་འཁྱོལ་བྱས་ཏེ་ཕན་འབྲས་ལེན་དགོས།

ལིས་ཆང་གིས་ནན་གྱིས་བསྟན་དོན། སྲིད་ཇུས་ཀྱི་ཚོགས་སྒྲིལ་རང་བཞིན་དང་མཐུན་སྦྱོར་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་། སྲིད་ཇུས་གཏན་འབེབས་དང་ལག་བསྟར་བྱེད་སྐབས་ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་བལྟས་ནས། གཅིག་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། སྲིད་ཇུས་ཀྱི་ཚོགས་སྒྲིལ་ཆེས་བཟང་བོ་འཐུས་ཚང་དུ་བཏང་སྟེ། སྤྱི་ཡོངས་ཀྱི་ཕན་འབྲས་ཆེས་ཆེན་པོ་གྲུབ་པར་བྱེད་དགོས། བསམ་བློའི་བཀག་རྒྱ་དང་བྱ་སྤྱོད་ཀྱི་ཚད་བཀག་གཏོར་ནས། དངོས་ཡོད་ཀྱི་གནས་ཚུལ་ལ་ལྟ་ཞིབ་ཀྱི་ཚོར་བ་རྐྱེན་པོ་འཛིན་དགོས་པར་མ་ཟད། དོན་དངོས་དགོས་མཁོ་གཞིར་བཟུང་སྟེ་དུས་བབ་དང་བསྟུན་ནས་བྱ་བ་སྒྲུབ་པའི་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས། གཅིག་འདོམས་གཙིགས་སུ་བཟུང་ནས། ཡང་ལྕི་བྲེལ་དལ་གྱི་དབྱེ་བ་ངེས་པར་བྱེད་པ་དང་། སྣེ་ཁྲིད་རང་བཞིན་དང་སྐུལ་འདེད་རང་བཞིན་གྱི་བྱ་བ་ཁ་ཤས་ལ་ཇུས་འགོད་ཞིབ་མོ་བྱས་ཏེ། ལས་འགན་གཙོ་བོར་རྒྱུན་དུ་འཕེལ་རིམ་ཡོད་པ་དང་དུས་ལྟར་ཕན་འབྲས་ལེན་པར་ཏན་ཏན་ཏིག་ཏིག་གིས་སྐུལ་འདེད་གཏོང་དགོས་པ་དང་མཉམ་དུ། བྱ་བའི་རྐྱེན་སྲོལ་རྒྱུན་ཆ་མེད་པར་འཐུས་ཚང་དུ་བཏང་བ་བརྒྱུད་དེ་རྒྱུན་སྲོལ་ལས་འགན་དོན་འཁྱོལ་བྱེད་དགོས། དོན་འཁྱོལ་དམ་འཛིན་བྱེད་པའི་ཕན་འབྲས་ཇེ་ཆེར་བཏང་ནས། མགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་དོན་འཁྱོལ་བྱེད་པ་བརྒྱུད་གནོན་ཤུགས་བརྒྱུད་སྤྲོད་བྱེད་པ་དང་མིག་དཔེ་བསྟན་ནས། ཞིབ་ཚགས་དང་བྱེ་བྲག་གིས་དམ་འཛིན་བྱས་ཏེ། འཆར་འགོད་དང་བཀོད་སྒྲིག ལག་བསྟར། ཞིབ་བཤེར། ཕྱིར་ལྡོག་བཅས་ཀྱི་བྱ་བའི་གོ་རིམ་འཐུས་ཚང་ཞིག་ཧུར་ཐག་གིས་བསྐྲུན་དགོས། ཕྱོགས་སོ་སོའི་བརྩོན་སེམས་ལེགས་པར་བསྐྱེད་ནས། གསོན་ཤུགས་ཀྱིས་ཁེངས་པར་མ་ཟད་འཆམ་མཐུན་བརྟན་འཇགས་ཡིན་པའི་ལས་སྒྲུབ་ལས་སྐྲུན་གྱི་སྣང་ཚུལ་བཟང་བོ་ཞིག་ཧུར་ཐག་གིས་བསྐྲུན་དགོས།