ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་ཟླ་དྲུག་པའི་ཚེས་བརྒྱད་ཉིན་ནས་ཚེས་བཅུ་ཉིན་བར། སྔ་གཞུག་ཏུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་ཟི་ལིང་གྲོང་ཁྱེར་དུ་སོང་ནས་དག་གཙང་ནུས་ཁུངས་ཀྱི་འཕེལ་རྒྱས་ལ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསར་བརྗེ་བཞི་དང་མཉམ་ལས་གཅིག་གི་ནུས་ཁུངས་བདེ་འཇགས་འཐབ་ཇུས་གསར་བ་དང་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཏུ་ལག་ལེན་དངོས་འབེབས་བྱས་ཤིང་། ད་ལྟ་སྤེལ་བཞིན་པའི་བརྗོད་དོན་སློབ་གསོ་སྒུལ་ཤུགས་སུ་བྱས་ནས། ཤུགས་ཆེན་པོས་ཁྱད་སྟོབས་འདོན་སྤེལ་དང་ཞན་ཆ་ཁ་གསབ། གཉོམ་སར་ཤུགས་སྣོན་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་མྱུར་དུ་འཛུགས་སྐྲུན་བྱེད་དགོས་ཟེར།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་བཏུལ་ཐང་གི་སྐོར་ཐེངས་གཉིས་པའི་རྟེན་གཞི་ཆེན་མོའི་ཀྲུང་གོའི་གློག་དྲའི་འཛུགས་སྐྲུན་གྱི་གུང་ཧོ་སྟོང་ཝ་ས་ཡ་གཅིག་ཅན་གྱི་ཉི་འོད་ནུས་པའི་ལས་གཞི་དང་སྐོར་ཐེངས་དང་པོའི་རྟེན་གཞི་ཆེན་མོའི་རྒྱལ་ནུས་སྟོང་ཝ་ས་ཡ་གཅིག་ཅན་གྱི་ཉི་འོད་ནུས་པའི་ལས་གཞིའི་ཡུལ་དངོས་དང་། མཚོ་ལྷོ་ཁུལ་གྱི་བྱེ་འགྱུར་འགོག་སྡོམ་ས་ཁུལ་ནས། ཝུའུ་ཞའོ་ཅུན་གྱིས་ཡུལ་དངོས་ནས་ལས་གཞིའི་འཛུགས་སྐྲུན་དང་རྒྱུ་ཆའི་འགན་སྲུང་སོགས་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོས་བཤད་རྒྱུར། ཚན་རྩལ་གསར་གཏོད་གནད་སར་བཟུང་ནས་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་ཀྱི་སྦས་ཤུགས་གཏིང་ཟབ་ཏུ་སྔོག་འདོན་བྱེད་པ་དང་། འཛུགས་སྐྲུན་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ། བདེ་འཇགས་དོ་དམ་ལ་ཤུགས་སྣོན་བྱས་ཏེ། སྔ་མོ་ནས་ཕན་འབྲས་ཐོན་པར་འགན་སྲུང་བྱེད་དགོས་ཟེར།
ལ་ཟེ་བ་ཆུ་གློག་ས་ཚིགས་དང་དར་དམར་སྟོང་ཝ་བདུན་བརྒྱ་དང་ལྔ་བཅུའི་གློག་བསྒྱུར་ས་ཚིགས། རྒྱལ་ཁབ་གློག་དྲའི་མཚོ་འཕགས་མཐོ་སའི་མཐོ་གནོན་གློག་གི་ཞིབ་བཤེར་ཞིག་གསོ་ཚོད་ལྟའི་རྟེན་གཞི། མཚོ་སྔོན་ལྷད་མེད་ནུས་ཁུངས་གཞི་གྲངས་ཆེན་མོའི་ལྟེ་གནས། མཚོ་སྔོན་ལུང་ཅི་ལི་ཡེ་ཉི་འོད་ནུས་པའི་ཚན་རྩལ་ཚད་ཡོད་ཀུང་ཟི་བཅས་ནས། ཝུའུ་ཞའོ་ཅུན་ཆུ་རགས་ཆེན་མོ་དང་བཟོ་སྐྲུན་ལས་ཡུལ། བཟོ་གྲྭའི་འཁོར་ཁང་སོགས་སུ་སོང་ནས་ཐོན་སྐྱེད་དང་ཚོང་གཉེར་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས།
ཁོས་ནན་གྱིས་བསྟན་དོན། སྤུས་ཚད་མཐོ་བའི་སྒོ་ནས་ཆུ་གསོག་གློག་འདོན་ས་ཚིགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་ཤུགས་ཆེན་པོས་གློག་དྲའི་བདེ་འཇགས་དང་གཏན་འཇགས་ཀྱི་འཁོར་རྒྱུག་ལ་འགན་སྲུང་བྱེད་དགོས། གློག་དྲའི་འཛུགས་སྐྲུན་རིམ་འཕར་ལ་སྐུལ་འདེད་བཏང་ནས་གློག་དྲའི་མཐུན་སྦྱོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས། སྔར་ལས་ལྷག་པའི་སྒོ་ནས་ཚན་རྩལ་གསར་གཏོད་ཀྱི་ཆུ་ཚད་མཐོར་འདེགས་བྱས་ནས། གློག་དྲའི་འཛུགས་སྐྲུན་དང་འཁོར་སྐྱོད་དང་ཞིག་གསོའི་ཐད་ལག་རྩལ་གྱི་འགན་སྲུང་ཆེན་པོ་འདོན་སྤྲོད་བྱེད་དགོས། ཁུངས་མང་ནས་དག་གཙང་ནུས་ཁུངས་ཀྱི་གཞི་གྲངས་གཅིག་བསྡུས་བྱས་ཏེ། ལྷད་མེད་དཔང་ཡིག་གི་དཔྱད་ཞིབ་དང་ལྷད་མེད་གློག་གི་ཉོ་ཚོང་ལ་སྐུལ་འདེད་གཏོང་དགོས། མུ་རྒྱུན་ཅན་ལ་སྐུལ་འདེད་བཏང་ནས་དག་གཙང་ནུས་ཁུངས་ཀྱི་ཁྱད་སྟོབས་དེ་ཐོན་ལས་འཕེལ་རྒྱས་ཀྱི་ཁྱད་སྟོབས་སུ་བསྒྱུར་དགོས་ཟེར།
དེའི་རྗེས་སུ་བསྡུས་པའི་བཞུགས་མོལ་ཚོག་འདུའི་སྟེང་། ཝུའུ་ཞའོ་ཅུན་གྱིས་འབྲེལ་ཡོད་ཕྱོགས་ཀྱི་སྙན་ཞུ་ལ་ཉན་པ་དང་། བྱ་བ་གཙོ་བོར་ཡང་བསྐྱར་བཀོད་སྒྲིག་དང་བཀོད་གཏོང་བྱས། ཁོས་བསྟན་དོན། མདུན་དུ་ལྷགས་པའི་གནས་བབ་གསར་བར་གཏིང་ཟབ་ཏུ་དབྱེ་ཞིབ་བྱས་ཏེ། གནད་དོན་གྱི་ཞན་ཆ་འཚོལ་བ་དང་། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་དཀའ་ཁག་ཁྱད་བསལ་བྱེད་པ། ཟོལ་མེད་ཀྱིས་གློག་བཀོལ་བདེ་འཇགས་ལ་འགན་སྲུང་བྱེད་པ། གློག་དྲའི་གཏན་འཇགས་འཁོར་སྐྱོད་ལ་འགན་སྲུང་བྱེད་པ། དག་གཙང་ནུས་ཁུངས་ཀྱི་ཁྱད་སྟོབས་སྲ་བརྟན་རྒྱ་བསྐྱེད་བྱེད་པ། བསྟུད་མར་གློག་ཤུགས་རིན་གོང་གི་ཁྱད་སྟོབས་སྲུང་འཛིན་བྱེད་པ། ལྷད་མེད་གློག་གི་རིན་གོང་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་སྟེ། དཔལ་འབྱོར་འཕར་སྣོན་གྱི་སྒུལ་ཤུགས་གསར་བ་ཆགས་པར་སྐུལ་མ་གཏོང་དགོས། ཤུགས་ཆེན་པོས་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པར་འབད་འབུངས་བྱེད་དགོས་པ་དང་། ཉེ་འཁོར་གྱི་ཞིང་ཆེན་གཞན་པའི་བར་གྱི་གློག་ཤུགས་རོགས་རེས་མཐུན་སྦྱོར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། གློག་རིན་ཚོང་རའི་སྙོམས་སྒྲིག་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ། གཏན་འཇགས་ཀྱི་གློག་ཁུངས་འཛུགས་སྐྲུན་ལ་ཤུགས་སྣོན་པ། རྣམ་པ་གསར་བའི་གློག་ཤུགས་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་པ། ཐོན་ལས་ཀྱི་ལྷད་མེད་ཐཱན་ཉུང་གི་འཕར་བསྒྱུར་ལ་སྐུལ་འདེད་གཏོང་བ། ཐཱན་ཟུང་ངོས་ལེན་མ་ལག་འཛུགས་པ། ཐོན་ལས་ཀྱི་གཅིག་བསྡུས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཤུགས་ཆེན་པོས་ཆ་རྐྱེན་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་པ། སྔར་ལས་ལྷག་པའི་སྒོ་ནས་སྐྱེ་ཁམས་སྲུང་སྐྱོབ་དང་དམངས་བདེ་དམངས་ཕན་ཡོང་བར་སྐུལ་འདེད་བཏང་སྟེ། དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་གསར་བསྐྲུན་བྱེད་པར་ཕན་འབྲས་གསར་བ་ཐོབ་པ་དང་ཐོལ་བརྒལ་གསར་བ་འབྱུང་བར་འགན་སྲུང་བྱེད་དགོས་ཟེར།
རྟོག་ཞིབ་བྱེད་སྐབས་ཝུའུ་ཞའོ་ཅུན་གྱིས་ད་རུང་མཚོ་ལྷོ་ཁུལ་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་སྦྲེལ་མཐུད་གང་ལེགས་བྱས་པའི་དཔྱད་ཞིབ་ཕྱིར་ལྡོག་གནད་དོན་གྱི་ལེགས་བཅོས་བྱ་བར་ལྟ་རྟོག་བཀོད་གཏོང་བྱས་པར་མ་ཟད། ཆུ་ལོག་སྔོན་འགོག་དང་རྒུད་སྐྱོབ་སོགས་ཀྱི་བྱ་བར་བྱེ་བྲག་གི་རེ་བ་བཏོན།
ཝང་ལིན་ཧུའུ་དང་། ལོའུ་ཀང་སོ་སོར་འབྲེལ་ཡོད་བྱ་འགུལ་ལ་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།