《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་གླེང་བ》ཞེས་པའི་པོད་བཞི་པའི་ཧྥ་རན་སིའི་ཡི་གེ་དང་། ཨུ་རུ་སིའི་ཡི་གེ། ཨ་རབ་ཀྱི་ཡི་གེ། སི་ཕེན་གྱི་ཡི་གེ། ཕུའུ་ཐའོ་ཡའི་ཡི་གེ། འཇར་མན་གྱི་ཡི་གེ། འཇར་པན་གྱི་ཡི་གེ་དང་རྒྱའི་ཟོར་ལྕིའི་ཡི་གེ་བཅས་པར་གཞི་བརྒྱད་ཉེ་སྔོན་ཕྱི་ཡིག་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ནས། རྒྱལ་ཁབ་ཕྱི་ནང་དུ་བཀྲམས།
《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་གླེང་བ》ཞེས་པའི་པོད་བཞི་པ་ནི་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་དང་། ཀྲུང་གོའི་ཕྱི་ཡིག་ཅུའུ་ལ་མཉམ་འབྲེལ་གྱིས་རྩོམ་སྒྲིག་བྱས་པ་དང་། དེབ་འདིའི་ནང་དུ་སྤྱི་ཁྱབ་ཧྲུའུ་ཅིའི་ཉིས་སྟོང་ཉི་ཤུ་ལོའི་ཟླ་གཉིས་པའི་ཚེས་གསུམ་ཉིན་ནས་ཉིས་སྟོང་ཉེར་གཉིས་ལོའི་ཟླ་ལྔ་པའི་ཚེས་བཅུ་ཉིན་བར་གྱི་གསུང་བཤད་གལ་ཆེན་དང་། གླེང་མོལ། གཏམ་བཤད། ཤིས་ཚིག མཛུབ་སྟོན། རྟེན་འབྲེལ་ཞུ་ཡིག་སོགས་བརྒྱ་དང་དགུ་འཁོད་ཡོད་ལ། ད་དུང་སྤྱི་ཁྱབ་ཧྲུའུ་ཅིའི་ཉིས་སྟོང་ཉི་ཤུ་ལོའི་ཟླ་དང་པོའི་ཚུན་གྱི་པར་རིས་ཞེ་ལྔ་འཁོད་ཡོད། དེབ་ཧྲིལ་བོ་ཆེད་དོན་ཉེར་གཅིག་ཏུ་བགོས་ཏེ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་མཉམ་དུ་འདྲེས་པའི་རྙོག་འཛིང་གི་གནས་བབ་ལ་ཁ་གཏད་ཅིང་། འཛམ་གླིང་སྟེང་མཐོང་དཀོན་ཞིང་ལོ་རྒྱུས་སྟེང་བྱུང་མ་མྱོང་བའི་ཉེན་ཁའི་འགྲན་སློང་ལ་ཁ་གཏད་དེ། རྒྱལ་སྤྱི་དང་རྒྱལ་ནང་གི་ཆེ་ཕྱོགས་གཉིས་ལ་གཅིག་འདོམས་དང་། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཉིས་ལ་གཅིག་འདོམས། འཕེལ་རྒྱས་དང་བདེ་འཇགས་གཉིས་ལ་གཅིག་འདོམས་བཅས་བྱས་ནས། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་ཧྭའི་འཛིན་མའི་ཁྱོན་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་མགོ་བརྩམས་པའི་རླབས་ཆེན་ལག་ལེན་གསོན་ཉམས་ལྡན་པའི་སྒོ་ནས་ཟིན་ཐོར་འཁོད་ཡོད་ལ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་བསྒྱུར་བའི་གྲུབ་འབྲས་ཆེས་གསར་པ་གཅིག་བསྡུས་ཀྱིས་བསྟན་ཡོད་ཅིང་། ང་ཚོའི་ཏང་གིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པ་དང་མཛེས་སྡུག་གི་འཛམ་གླིང་མཉམ་སྐྲུན་བྱེད་པར་སྐུལ་འདེད་གཏོང་བར་བཞག་པའི་བྱས་རྗེས་ཆེས་གསར་པ་ལེགས་པར་མཚོན་ཡོད། དེབ་འདི་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཡུལ་ཁམས་གསར་པ་བཏོད་པ་དང་མཆོང་སྐྱོད་གསར་པ་མངོན་འགྱུར་བྱས་པ་ཆ་ཚང་ཞིང་མ་ལག་ལྡན་པར་མཚོན་པའི་དབང་གྲགས་ཅན་གྱི་གསུང་རྩོམ་ཞིག་རེད།
《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་གླེང་བ》ཞེས་པའི་པོད་བཞི་པའི་དབྱིན་ཡིག་གི་པར་གཞི་ཉིས་སྟོང་ཉེར་གཉིས་ལོའི་ཟླ་བདུན་པར་དཔེ་སྐྲུན་འགྲེམས་སྤེལ་བྱས་པའི་ཚུན་ལ། རྒྱལ་ཁབ་ཕྱི་ནང་དུ་ཚུར་སྣང་དྲག་པོ་བྱུང་། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་གླེང་བ》ཞེས་པའི་པོད་བཞི་པའི་ཡིག་རིགས་མང་བོའི་པར་གཞི་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གོང་འཕེལ་ཆེས་གསར་པར་དུས་ལྟར་རྒྱུས་ལོན་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་སྔོན་ཆད་ཅིའི་ཕྱིར་རྒྱལ་ཁ་བླངས་པ་དང་། མ་འོངས་པར་ཇི་ལྟར་བྱས་ན་མུ་མཐུད་དུ་རྒྱལ་ཁ་ལེན་ཐུབ་པར་ངོས་འཛིན་ཟབ་མོ་བྱེད་པ། ཀྲུང་གོའི་བགྲོད་ལམ་དང་ཀྲུང་གོའི་བཅོས་སྐྱོང་། ཀྲུང་གོའི་གནས་ལུགས་བཅས་ལ་རྒྱས་ལོན་ཟབ་མོ་བྱེད་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན།