ཟླ་དྲུག་པའི་ཚེས་བཅུ་ཉིན་ནས་ཚེས་བཅུ་གཅིག་ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མཚོ་ཤར་གྲོང་ཁྱེར་གྱི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་ཕན་ཡོད་སྦྲེལ་མཐུད་བྱེད་པའི་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ད་ལྟ་སྤེལ་བཞིན་པའི་བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱེད་པ། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། འགན་འཁྲི་རྒྱུན་མཐུད་ངང་གཏན་ཁེལ་བྱེད་པ། སྟོབས་ཤུགས་ཡོད་རྒུས་བྱ་བ་དོན་འཁྱོལ་བྱས་ནས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བའི་གྲུབ་འབྲས་ཐད་ནས་ཐེམ་སྐས་གསར་བར་སླེབས་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་ཐད་ནས་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་དགོས།
མིན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ལུང་ཀྲི་ཡུལ་ཚོ་པའེ་ཝུའུ་ཅ་སྡེ་བ་དང་ཤར་ནུབ་རྒྱུད་མཉམ་ལས་ཐོན་ལས་ར་བ་རུ། ཝུའུ་ཞའོ་ཅུན་གྱིས་ཡུལ་དངོས་ནས་ཁྱད་ལྡན་སྔོ་ཚལ་དང་སིལ་ཏོག་ཐོན་ལས་འཕེལ་རྒྱས་དང་། རོགས་སྐྱོར་འཁོར་ཁང་དང་ལས་གཞི་འཁོར་རྒྱུག་གྲུབ་འབྲས། དབུལ་ཐར་མང་ཚོགས་ཀྱི་ལས་ཞུགས་ཡོང་འཕར་སོགས་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད། ས་དེའི་ལས་བྱེད་པ་དང་མང་ཚོགས་དང་བཞུགས་མོལ་བརྗེ་རེས་བྱས་ནས་ནན་གྱིས་བསྟན་དོན། དབུལ་ཐར་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་རྒྱུ་དེ་ལས་འགན་གཙོ་བོར་བརྩི་བ་དང་། ཐོན་ལས་དང་ལས་ཞུགས་རོགས་སྐྱོར་ཐད་ཤུགས་སྣོན་པ། ཞིང་བར་འབྲེལ་འདྲིས་དང་ཞིང་བར་སྣེ་ཁྲིད་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། དབུལ་ཐར་ངལ་རྩོལ་པ་བརྟན་འཇགས་ངང་ལས་ཞུགས་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ཡོང་འཕར་ཕྱུག་སྒྱུར་ལ་སྣེ་ཁྲིད་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་དགོས། ལི་ཏུའུ་ཆུའུ་མིན་ཡོན་ཅུའུ་གཞིས་ཁུལ་གྱི་ཡུལ་གཞན་གནས་སྤོར་རོགས་སྐྱོར་འཁོར་ཁང་དང་ཀའོ་མེའོ་གྲོང་རྡལ་ཀྲ་མིན་སྡེ་བ། ཧྲོའུ་ལི་གྲོང་རྡལ་ཞུའེ་ཆིན་སྡེ་བ། ཕིན་ཨན་ཆུའུ་ཀུའུ་ཁྲིན་ཧོས་རིགས་ཡུལ་ཚོ་ཀུའུ་ཁྲིན་སྡེ་བ་བཅས་སུ། ཝུའུ་ཞའོ་ཅུན་ཞིང་ཁ་དང་བཟོ་གྲྭའི་འཁོར་ཁང་དུ་སོང་ནས། དབུལ་ཐར་མང་ཚོགས་ཀྱི་ལས་ཞུགས་དང་སྔོ་ཚལ་ཐོན་སྐྱེད་ཚོང་གཉེར། གྲོང་གསེབ་དར་སྤེལ་ཚོད་ལྟའི་སྡེ་བ་འཛུགས་སྐྲུན། ཐོན་ལས་སྦྲེལ་མཐུད་སྲིད་ཇུས་ལག་བསྟར། དབུལ་སྐྱོར་ལས་གཞིའི་རྒྱུ་ནོར་རྗེས་མཐུད་དོ་དམ་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་བསྟན་དོན། ཡུལ་གཞན་གནས་སྤོར་གྱི་རྗེས་མཐུད་རོགས་སྐྱོར་བཟང་བོ་བྱེད་པ་དང་། སྦྲང་ཆར་འཆར་གཞིའི་མཐར་ཕྱིན་སློབ་མ་དང་དབུལ་ཐར་མང་ཚོགས་ཀྱི་ལས་ཞུགས་རོགས་སྐྱོར་ལ་ཤུགས་སྣོན་པ། ཁྱད་ལྡན་ཐོན་ལས་ཀྱི་ཚོང་རྟགས་སྐྱེད་སྲིང་བྱེད་པ་དང་མཐོར་འདེགས་གཏོང་བ། རོགས་སྐྱོར་འཁོར་ཁང་གི་འཁོར་རྒྱུག་དོ་དམ་ལ་ཤུགས་བསྣན་ནས། དབུལ་ཐར་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏོང་དགོས། རྟོག་ཞིབ་བྱེད་སྐབས། ཝུའུ་ཞའོ་ཅུན་ཁྱིམ་ཚང་དུ་སོང་ནས་མང་ཚོགས་ལ་འཚམས་འདྲི་བྱས་པ་དང་། ཁོ་ཚོའི་ལུས་ཕུང་བདེ་ཐང་དང་ཐོན་སྐྱེད་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ལ། ས་དེའི་ལས་བྱེད་པས་བློ་སེམས་རྩེ་གཅིག་གིས་དཀའ་ཁག་ཅན་གྱི་མང་ཚོགས་ལ་རོགས་རམ་བྱེད་པ་དང་། བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་བཅད་དེ། མང་ཚོགས་ཀྱི་ཁས་ལེན་ཚད་དང་ཡིད་ཚིམ་ཚད་མཐོར་འདེགས་གཏོང་རྒྱུའི་རེ་བ་བཏོན།
དེའི་རྗེས་སུ་བསྡུས་པའི་རྟོག་ཞིབ་བཞུགས་མོལ་ཚོགས་འདུའི་སྟེང་། ཝུའུ་ཞའོ་ཅུན་གྱིས་མཚོ་ཤར་གྱི་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ཏང་ཨུ་དང་སྲིད་གཞུང་། གྲོང་གསེབ་དར་སྤེལ་ཅུའུ་དང་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་དང་བཞུགས་མོལ་བྱས། ཁོས་ནན་གྱིས་བསྟན་དོན། བྱ་བའི་རང་འགུལ་དབང་ཆ་དམ་འཛིན་བྱེད་པ་དང་། ལངས་གནས་སྔར་ལས་མཐོ་བ་དང་ཚད་གཞི་སྔར་ལས་མཐོ་བ། བྱེད་ཐབས་སྔར་ལས་བཟང་བོས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་ཕན་ཡོད་སྦྲེལ་མཐུད་བྱེད་པའི་ཁྲོད་གནས་པའི་གནད་དོན་དང་ཞན་ཆ་ཐག་གཅོད་པ། རིས་འགེལ་གཡུལ་འཐབ་བྱས་ནས། སྤུས་ཚད་མཐོ་བའི་ངང་དག་ཐེར་ལེགས་བཅོས་ཀྱི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་དགོས། རྒྱལ་ཁབ་ཀྱི་རེ་བ་ཁོང་དུ་ཆུད་པར་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། འགན་སྲུང་གསུམ་དང་བཏུང་ཆུའི་བདེ་འཇགས་དང་། མཐིལ་རྟོལ་འགན་སྲུང་སོགས་ཀྱི་སྲིད་ཇུས་སྣ་ཚོགས་ལག་བསྟར་ནན་མོ་བྱེད་དགོས། བྱ་བ་གཙོ་བོ་དམ་འཛིན་བྱེད་པ་དང་། ཐོན་ལས་ཡོང་འཕར་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཐབས་མང་མཉམ་སྤྱོད་ཀྱིས་ལས་བརྟན་ལས་ཞུགས་ཐད་སྐུལ་འདེད་གཏོང་བ། ཕྱིར་དབུལ་བོར་འགྱུར་བར་བཀག་འགོག་བྱེད་པའི་ལྟ་ཞིབ་རོགས་སྐྱོར་ཐད་རྒྱུན་མཐུད་ངང་ཤུགས་སྣོན་པ། ལས་གཞིའི་མ་དངུལ་ལ་དོ་དམ་ནན་མོ་བྱེད་པ། གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་ལེགས་བསྒྱུར་བྱེད་དགོས། འགན་འཁྲི་བརྒྱུད་སྤྲོད་བྱེད་པ་དམ་འཛིན་བྱེད་པ་དང་། ཁོངས་གཏོགས་ས་ཆའི་འགན་འཁྲི་དང་ལས་རིགས་སྡེ་ཁག་གི་འགན་འཁྲི། སྡེ་སྡོད་རོགས་སྐྱོར་གྱི་འགན་འཁྲི་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། འགན་འཁྲི་ཁག་ཁུར་སྔར་ལས་ཆེན་པོ་དང་བྱ་བའི་སྤྱོད་ཚུལ་སྔར་ལས་བཟང་བོས་བྱ་བ་སྣ་ཚོགས་སྤུས་འདེགས་ནུས་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས།
ཚེ་རིང་ཐར་དང་ཝུའུ་ལ་ཙི་པེ་ཁི.རེ་སུའུ་ལིས་ཧན་གཉིས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།