བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཐོག་མཐའ་བར་གསུམ་དུ་ཚད་གཞི་མཐོ་ཞིང་བླང་བྱ་ནན་མོའི་སྒོ་ནས་དངོས་འབེབས་ལ་སྐུལ་འདེད་གཏོང་བ་དང་། དགོངས་པ་སློབ་པ་དང་ཏང་གཤིས་བསྐྱེད་པ། ལག་ལེན་འཛིན་པ། བྱས་རྗེས་འཇོག་པ་བཅས་ཀྱི་སྤྱིའི་བླང་བྱ་ལྟར། བསླབ་ནས་ལས་ལ་སྐུལ་བ་འབུར་དུ་ཐོན་པར་བྱས་ཏེ། མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པའི་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ནས་དམངས་ཚིས་ཚད་མཐའ་བརྟན་པོར་བཟོས།
ལོ་ལོན་རྒན་པའི་མཛའ་འབྲེལ་སྨན་བཅོས་ལས་ཁུངས་འཛུགས་པ་མགོ་རྩོམ་ས་བྱས་ཏེ་ལོ་ལོན་རྒན་པའི་བདེ་ཐང་ཞབས་ཞུ་ལེགས་སྒྱུར་བྱས། ལོ་ལོན་རྒན་པའི་མཛའ་འབྲེལ་སྨན་བཅོས་ལས་ཁུངས་འཛུགས་པའི་འགུལ་སྐྱོད་མགོ་བརྩམས་ཏེ། ཞིང་ཆེན་ཡོངས་ཀྱི་རིམ་པ་གཉིས་པའི་ཡན་གྱི་སྨན་བཅོས་ལས་ཁུངས་གོ་དྲུག་གིས་ལོ་ལོན་རྒན་པའི་མཛའ་འབྲེལ་སྨན་བཅོས་ལས་ཁུངས་འཛུགས་རྒྱུ་གཏན་ཁེལ་བྱས་པ་དང་། མཚོ་སྔོན་རྒྱ་གྲམ་དམར་པོའི་སྨན་ཁང་དང་། མཚོ་སྔོན་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་ལྔ་པ་སོགས་སྨན་ཁང་ལས་ཁུངས་དྲུག་མཚོ་སྔོན་ཞིང་ཆེན་གྱི་ལོ་ལོན་རྒན་པའི་སྨན་བཅོས་ལས་ཁུངས་ཀྱི་དཔེ་སྟོན་ཁུལ་དུ་གྱུར། ཞིང་ཆེན་ཡོངས་ཀྱི་ལོ་ལོན་རྒན་པའི་མཛའ་འབྲེལ་སྨན་བཅོས་ལས་ཁུངས་འཛུགས་སྐྲུན་གྱི་ཚད་བརྒྱ་ཆའི་གྱ་བཞི་དང་གྲངས་ཆུང་ཉེར་གཅིག་ལ་སླེབས་པ་དང་། ལོ་ལོན་རྒན་པར་སྤུས་ལེགས་སྨན་བཅོས་ཞབས་ཞུ་ཕྱོགས་ཡོངས་ནས་འདོན་སྤྲོད་བྱས། ལོ་ལོན་རྒན་པའི་གསོ་རིག་ཚན་ཁག་བསྐྲུན་པ་དང་འཇོན་མི་གསོ་སྐྱོང་ལ་ཤུགས་བསྣན། ལོ་ལོན་རྒན་པ་དང་འབྲེལ་བའི་ནད་རིགས་བརྟག་བཅོས་ཞིབ་འཇུག་དང་མཐོ་སྒང་གི་ཁོར་ཡུག་དང་འབྲེལ་བའི་ལོ་ལོན་གྱི་ནད་བརྟག་ཞིབ་འཇུག་སོགས་སྤེལ་ནས། ལོ་ལོན་རྒན་པའི་ནད་བརྟག་གི་ཚན་ཁག་མང་པོའི་མཉམ་ལས་བརྟག་བཅོས་དཔུང་ཁག་བཙུགས་པ་དང་། མཉམ་འབྲེལ་དྲ་བ་དང་ནད་གཡོག་ཞབས་ཞུའི་ལས་དོན་ཤུགས་དྲག་ཏུ་སྤེལ་ཏེ། སྐྱེ་དངོས་དང་སེམས་ཁམས། སྤྱི་ཚོགས་དང་ཁོར་ཡུག་སོགས་ཕྱོགས་གང་ཅིའི་ཐད་ཀྱི་ཞབས་ཞུའི་རྣམ་པ་བསྐྲུན་ནས་རིམ་པ་གསུམ་པའི་སྤུས་ཚད་ཚོད་འཛིན་དོ་དམ་མ་ལག་འཐུས་ཚང་དུ་བཏང་། ཐབས་ལམ་སྣ་མང་སྤྱད་དེ་རྒན་བཀུར་རྒན་གཅེས་ཀྱི་ཞབས་ཞུ་དང་རིགས་སོ་སོའི་དམངས་ཕན་ཞབས་ཞུའི་ཆ་འཕྲིན་དྲིལ་སྒྲོག་བྱས་ཏེ། ལོ་ལོན་ནད་པར་སྔོན་ལ་བརྟག་དཔྱད་བྱེད་པ་སོགས་ཀྱི་དང་བླངས་ཞབས་ཞུ་འདོན་སྤྲོད་བྱས།
བྱིས་པའི་བདག་སྐྱོང་མ་ལག་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ་རྐང་ཚུགས་ས་རུ་བྱས་ཏེ་བྱིས་པའི་བཅོལ་སྐྱོང་ཞབས་ཞུར་འགན་སྲུང་བྱས། ལོ་གསུམ་མན་གྱི་བྱིས་པའི་བདག་སྐྱོང་ཞབས་ཞུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་བསྟར་བསམ་འཆར་སོགས་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་བཏོན་ནས། སྲིད་གཞུང་གིས་སྣེ་ཁྲིད་དང་སྡེ་ཁག་མཉམ་འབྲེལ། ཁྱིམ་ཚང་གཙོར་འཛིན་དང་ཕྱོགས་མང་ཟབ་ཞུགས་བྱེད་པའི་གཞི་རྩའི་བྱེད་ཐབས་སྣ་མང་གཏན་ཁེལ་བྱས། ཀུན་ཕན་བཅོལ་སྐྱོང་ཞབས་ཞུའི་ཆེད་དོན་འགུལ་སྐྱོད་ཕྱོགས་ཡོངས་ནས་སྤེལ་བ་དང་། རྒྱལ་ཁབ་བཅོལ་སྐྱོང་ཞབས་ཞུ་འཛུགས་སྐྲུན་གྱི་ཆེད་དོན་ཁ་གསབ་མ་དངུལ་སྒོར་བྱེ་བ་བཞི་ས་ཡ་དྲུག་འབུམ་གཉིས་བརྩོན་ལེན་དང་། སྤྱི་ཚོགས་མ་དངུལ་སྒོར་བྱེ་བ་དྲུག་ས་ཡ་བཞི་འབུམ་དྲུག་བསྡུ་ལེན་བྱས་ཏེ། འཛུགས་སྐྲུན་ལས་གཞི་ང་བརྒྱད་ལ་རྒྱབ་སྐྱོར་བྱས་ནས། ཀུན་ཕན་བཅོལ་སྐྱོང་བྱེད་ཡུལ་སྟོང་བཞི་དྲུག་བརྒྱ་ཉི་ཤུ་གསར་དུ་བསྣན། མིག་སྔའི་བར་དུ། ཞིང་ཆེན་ཡོངས་ནས་བསྡོམས་པས་བཅོལ་སྐྱོང་ལས་ཁུངས་གོ་གསུམ་བཙུགས་པ་དང་། ལོ་སྔོན་མ་དང་བསྡུར་ན་བཅུ་གཉིས་ཇེ་མང་དུ་སོང་ཡོད་པས་བརྒྱ་ཆའི་བཅུ་བཞི་དང་གྲངས་ཆུང་གྱ་གཅིག་འཕར་སྣོན་བྱུང་།
རིག་འཛིན་སྒྲོལ་མས་བསྒྱུར།