རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས་བཅུ་གཉིས་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ནེ་པ་ལའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ཏི་མེས་ཨར་ཞི་ན་དང་གྲོས་མོལ་མཛད།
ཀྲའོ་ལི་ཅི་ཡིས་བསྟན་དོན། ཉིས་སྟོང་བཅུ་དགུ་ལོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནེ་པ་ལར་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཀྲུང་གོ་དང་ནེ་ཕ་ལའི་འབྲེལ་བ་དེ་འཕེལ་རྒྱས་དང་དར་རྒྱས་ལ་ཁ་ཕྱོགས་པའི་མི་རབས་ནས་མི་རབས་བར་མཛའ་མཐུན་བྱེད་པའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་མཐོར་འདེགས་བཏང་། ཀྲུང་གོ་ཕྱོགས་ཀྱིས་ནེ་པ་ལ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་བར་གྲུབ་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བཟང་བོ་བྱས་ཏེ་ཀྲུང་གོ་དང་ནེ་པ་ལའི་སྔར་ལས་དམ་ཟབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད།
ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོ་དང་ནེ་པ་ལ་གཉིས་ཀྱི་རི་ཆུ་འབྲེལ་ཞིང་ལས་དབང་མཉམ་དུ་གནས་ཡོད། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་བཟང་བོ་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན། ཀྲུང་གོ་ཕྱོགས་ཀྱིས་ནེ་པ་ལ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱས་པ་དང་། ཀྲུང་གོའི་ཁེ་ཕན་གཙོ་བོ་དང་འབྲེལ་བ་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་སྟེང་ཀྲུང་གོར་རྒྱབ་སྐྱོར་བྱས་ཏེ་སྟོབས་ཤུགས་གང་གིས་ཀྱང་ནེ་པ་ལའི་མངའ་ཁོངས་སྤྱད་དེ་ཀྲུང་གོར་ངོ་རྒོལ་བྱེད་པའི་བྱ་སྤྱོད་སྤེལ་མི་ཆོག་པའི་དམ་བཅའ་བརྟན་སྲུང་བྱས་པར་གཟེངས་བསྟོད་བྱེད་བཞིན་ཡོད། རྒྱུད་གཅིག་ལམ་གཅིག་གི་གྲོས་མགོ་བཏོན་པའི་ལོ་བཅུའི་རིང་ལ། ཀྲུང་གོ་དང་ནེ་པ་ལ་གཉིས་ཀྱིས་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནེ་པ་ལ་ཕྱོགས་ཀྱིས་འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་གྲོས་མགོ་དང་ལེན་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་བཀའ་དྲིན་ཞུས་པ་ཡིན་ལ། ནེ་པ་ལ་ཕྱོགས་ཀྱིས་འཛམ་གླིང་ཧྲིལ་བོའི་བདེ་འཇགས་གྲོས་མགོ་དང་འཛམ་གླིང་ཧྲིལ་བོའི་དཔལ་ཡོན་གྲོས་མགོར་རྒྱབ་སྐྱོར་བྱེད་པ་དང་དེའི་ཁྲོད་དུ་ཞུགས་པར་དགའ་བསུ་ཞུ་བ་ཡིན།
ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ནེ་པ་ལའི་རྒྱལ་ཕྲན་མཉམ་འབྲེལ་ཁང་དང་མཉམ་དུ་རིམ་པ་སོ་སོའི་བརྗེ་རེས་ལ་ཤུགས་བསྣན་ནས་ཀྲུང་གོ་དང་ནེ་པ་ལའི་མཛའ་མཐུན་མཉམ་ལས་ཀྱི་སྤྱི་ཚོགས་དམངས་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཕན་པའི་བཅའ་ཁྲིམས་ཡིག་ཆར་དུས་ཐོག་ཏུ་ཆོག་མཆན་བཀོད་དེ་ཕྱིར་བཏོན་ནས་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཐད་བཅའ་ཁྲིམས་འགན་སྲུང་འདོན་སྤྲོད་བྱེད་པར་མ་ཟད། རྒྱལ་ཁབ་སོ་སོའི་གྲོས་ཁང་མནའ་འབྲེལ་སོགས་ཕྱོགས་མང་ལས་ཁུངས་བར་གྱི་མཐུན་སྦྱོར་རོགས་ལས་ལ་ཤུགས་སྣོན་འདོད་ཡོད།
ཀྲའོ་ལི་ཅི་ཡིས་ཀྲུང་གོ་བློ་བརྟན་འགྱུར་མེད་ངང་ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པ་དང་། ལྷག་བསམ་རྣམ་དག་གིས་མཐའ་འཁོར་རྒྱལ་ཁབ་ལ་རོགས་སྐྱོར་བྱེད་པའི་ཕྱི་འབྲེལ་འདུ་ཤེས་རྒྱུན་འཁྱོངས་བྱེད་པའི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས།
ཏི་མེས་ཨར་ཞི་ན་ཡིས་བསྟན་དོན། ནེ་པ་ལ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་པ་དང་སྟོབས་ཤུགས་གང་གིས་ཀྱང་ནེ་པ་ལའི་མངའ་ཁོངས་སྤྱད་དེ་ཀྲུང་གོར་ངོ་རྒོལ་གྱི་བྱ་སྤྱོད་སྤེལ་བར་ཆོག་མཆན་འགོད་མི་སྲིད། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱིས་ནེ་པ་ལར་འཕེལ་རྒྱས་གྲུབ་འབྲས་བཟང་བོ་ཐོབ་ཡོད། ནེ་པ་ལའི་རྒྱལ་ཕྲན་མཉམ་འབྲེལ་གྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་མཉམ་དུ་མཛའ་མཐུན་བརྗེ་རེས་ལ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱིས་རྨང་གཞིའི་སྒྲིག་ཆས་དང་ཉོ་ཚོང་། ཡུལ་སྐོར། མི་གཞུང་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་གཏོང་བར་བྱེད་ནུས་གལ་ཆེན་འདོན་འདོད་ཡོད།
ཚའེ་ཏ་ཧྥིན་གྲོས་མོལ་ལ་ཞུགས།
ལྷ་མོ་ཚེ་རིང་གིས་བསྒྱུར།