ཚེས13ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ནེ་པ་ལའི་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་མེས་ཨར་ཞི་ན་ལ་མཇལ་འཕྲད་གནང་།
ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས2019ལོར་ནེ་པ་ལར་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་བྱས་ནས་ཀྲུང་གོ་དང་ནེ་པ་ལའི་འབྲེལ་བ་དེ་འཕེལ་རྒྱས་དང་དར་རྒྱས་ལ་ཁ་ཕྱོགས་པའི་མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་གྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བར་རིམ་སྤོར་བྱས་ཡོད། ཕྱོགས་གཉིས་ཀྱིས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ཆབ་སྲིད་རྨང་གཞིར་སྲུང་སྐྱོང་ཡག་པོ་བྱེད་པ། བརྗེ་རེས་མཉམ་ལས་རྒྱ་བསྐྱེད་པ་བཅས་བྱས་ནས་རང་སོ་སོའི་འཕེལ་རྒྱས་དང་དར་རྒྱས་ཐད་སྒུལ་ཤུགས་གསར་པ་སྣོན་དགོས། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ནེ་པ་ལའི་རྒྱལ་ཕྲན་མཉམ་འབྲེལ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་བར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། རིམ་པ་སོ་སོའི་འགྲོ་འོང་ལ་ཤུགས་བསྣན་ནས་ཀྲུང་གོ་དང་ནེ་པ་ལའི་སྔར་ལས་དམ་ཟབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས།
ཏི་མེས་ཨར་ཞི་ན་ཡིས་བསྟན་དོན། ནེ་པ་ལ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། རྒྱལ་ཁབ་གཉིས་ནི་ཁྱིམ་མཚེས་བཟང་པོ་དང་གྲོགས་པོ་བཟང་པོ། སྤུན་ཟླ་བཟང་པོ་བཅས་ཡིན་པས། ནེ་པ་ལ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་དུ་བསྟར་ནས་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོར་ཚད་མཐོའི་གདེང་འཇོག་གནང་བ་ཡིན། ནེ་པ་ལའི་རྒྱལ་ཕྲན་མཉམ་འབྲེལ་གྱིས་ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་དང་བརྗེ་རེས་གཏིང་ཟབ་བྱས་ནས་རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་བྱེད་འདོད་ཡོད་ཅེས་གསུངས། ཝང་ཡུང་དང་ཝང་ཏུང་ཧྥིན་སོགས་མཇལ་འཕྲད་ལ་ཞུགས།
ཤ་བོ་གསེར་མཚོས་བསྒྱུར།