ཚེས་13ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལསཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལི་ཞི་ཡིས་པེ་ཅིང་དུ་ཧུང་ཏུའུ་ར་སིའི་ཙུང་ཐུང་ཁཱ་སི་ཐི་ལོ་ལ་མཇལ་འཕྲད་གནང་།
ལི་ཞི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཧུང་ཏུའུ་ར་སིའི་འབྲེལ་བ་དང་ཙུང་ཐུང་ཁ་སི་ཐི་ལོ་ཡིས་ད་ཐེངས་འཚམས་འདྲི་གནང་བར་ཚད་མཐོའི་མཐོང་ཆེན་གནང་ཞིང་། ཙུང་ཐུང་ཁྱེད་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མ་འོངས་པའི་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་ཡོད། ཀྲུང་གོ་དང་ཧུང་ཏུའུ་ར་སི་བར་འབྲེལ་བ་བཙུགས་ནས་ཟླ་ངོ་གཉིས་ལྷག་ཙམ་གྱི་རིང་ལ་ཕྱོགས་གཉིས་ཀྱིས་རྒྱུན་སྲོལ་ལས་བརྒལ་བའི་མཉམ་ལས་ལ་སྐུལ་འདེད་བཏང་བར་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ཅིང་། ཀྲུང་གོ་དང་ཧུང་ཏུའུ་ར་སི་བར་འབྲེལ་བ་བཙུགས་པ་དེ་ནི་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་ཐོགས་པའི་གཏན་འབེབས་ཡང་དག་ཅིག་ཡིན་པ་ར་སྤྲོད་གང་ལེགས་བྱས་ཡོད། ལི་ཞི་ཡིས་མ་ལག་ལྡན་པའི་སྒོ་ནས་ཀྲུང་གོ་ཕྱོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་གནས་ཚུལ་དང་ཉམས་མྱོང་ངོ་སྤྲོད་གནང་བ་དང་། ཀྲུང་གོ་ཕྱོགས་ཀྱིས་ཧུང་ཏུའུ་ར་སི་ཕྱོགས་དང་མཉམ་དུ་རུལ་སུངས་ལ་ངོ་རྒོལ་བྱེད་པ་སོགས་ཚུད་པའི་ཁྱབ་ཁོངས་ཀྱི་རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས།
ཁཱ་སི་ཐི་ལོ་ཡིས་བསྟན་དོན། ཧུང་ཏུའུ་ར་སི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ཁས་ལེན་པའི་རྨང་གཞིའི་སྟེང་ཀྲུང་གོ་ཕྱོགས་དང་འབྲེལ་བ་བཙུགས་པར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ཡོད་ལ། ངས་ད་ཐེངས་འཚམས་འདྲི་བྱས་པ་འདི་འགོ་འཛུགས་ས་གསར་པར་བྱས་ཏེ་ཧུང་ཏུའུ་ར་སི་དང་ཀྲུང་གོའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས།
ཤ་བོ་གསེར་མཚོས་བསྒྱུར།