ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་སྔ་གཞུག་ཏུ་བསྡུས།
2023.06.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 68

ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན་སྔ་གཞུག་ཏུ་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་སྔོན་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན། ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་བཅས་བརྒྱུད་སྒྲོག་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་དངོས་འབེབས་བྱས་པར་མ་ཟད་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།

གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཆབ་སྲིད་ཅུའི་ཐུན་མོང་གྲོས་ཚོགས་ཐེངས་ལྔ་བ་དང་། སྐབས་ཉི་ཤུ་བའི་ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ། ནང་སོག་གི་གཟིགས་ཞིབ། བྱེ་འགྱུར་ཅན་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་དང་བྱང་གསུམ་སོགས་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ། རིག་གནས་རྒྱུན་འཛིན་འཕེལ་རྒྱས་བཞུགས་མོལ་ཚོགས་འདུ། པེ་ཅིང་ཡུས་དབྱིན་སློབ་གྲྭའི་གཟིགས་ཞིབ་བཅས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་དང་། ཏང་གིས་སློབ་གསོའི་བྱ་བར་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་པར་རྒྱུན་འཁྱོངས་དང་། ཕྱོགས་ཡོངས་ནས་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ། སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གཞི་རྩའི་ལས་འགན་དང་གཞི་རྩའི་དམིགས་འབེན། ལས་འགན་གལ་ཆེན་བཅས་ཀྱི་འཛུགས་སྐྲུན་དམ་འཛིན་བྱས་ཤིང་། འབད་བརྩོན་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བཀོལ་ནས་མི་སྐྱོང་བ་དང་། ཧུར་ཐག་སྒོས་མི་དམངས་ཡིད་ཚིམས་པའི་སློབ་གསོ་བསྒྲུབ་ནས། ཕྱོགས་ཡོངས་ནས་མཚོ་སྔོན་སློབ་གསོའི་དེང་རབས་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས་ཟེར། སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་ཆགས་སུ་འཇུག་པ་དང་། སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ལ་རྐང་བཙུགས་ཏེ། ཆབ་སྲིད་བདེ་འཇགས་དང་སྐྱེ་ཁམས་བདེ་འཇགས། ནུས་ཁུངས་བདེ་འཇགས། སྤྱི་བའི་བདེ་འཇགས། ཁྱབ་ཁོངས་གཙོ་བོའི་བདེ་འཇགས་བཅས་ལ་སྲུང་སྐྱོབ་བྱེད་དགོས། རང་ཞིང་གི་ཐོན་ཁུངས་ཁྱད་ཆོས་དང་འཐབ་ཇུས་གཏན་གནས་ལ་རྐང་བཙུགས་ནས། ཧུར་ཐག་སྒོས་ལྷད་མེད་ལྗང་མདོག་ཐཱན་ཉུང་འཁོར་སྐྱོད་ཀྱི་དཔལ་འབྱོར་འཕེལ་རྒྱས་མ་ལག་འཛུགས་དགོས། མ་ལག་ལྡན་པའི་ལྟ་བ་རྒྱུན་འཁྱོངས་དང་འཐུས་ཚང་རྣམ་པ་གསར་གཏོད་བྱས་ནས་བྱེ་འགོག་ཕྱོགས་བསྡུས་ཀྱི་ཕན་འབྲས་མཐོར་འདེགས་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྙིང་བོར་བཟུང་ནས་འཕེལ་རྒྱས་ཚང་མར་མི་སེམས་གཅིག་འདྲིལ་དང་དམངས་འཚོ་ལེགས་བཅོས་བྱེད་པའི་དོན་སྙིང་ལྡན་པར་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་རིག་གནས་འགན་འཁྲི་ཁུར་དུ་ལེན་པ་དང་། ཐུན་མིན་ཕུན་སུམ་ཚོགས་པའི་རིག་གནས་ཐོན་ཁུངས་སྔོག་འདོན་བྱས་ཏེ། རིག་གནས་རྒྱུན་འཛིན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རིག་གནས་ཀྱི་ཞིང་ཆེན་གྲགས་ཅན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། དངོས་གཉེར་དང་སྤྱོད་གཙང་། གྲོན་ཆུང་བཅས་ཀྱི་སྲོལ་བཟང་དར་སྤེལ་བྱེད་པའི་ཐད་ཤུགས་སྣོན་བྱས་ཏེ་ཕན་འབྲས་ཐོན་པར་བྱས་ནས། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས། གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་གྱི་སྐབས་གཉིས་པའི་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་གླེང་སྟེགས་ཀྱི་ཚང་འཛོམས་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་གི་ཞུ་ཚིག་གལ་ཆེན་དང་སྐབས་དང་པོའི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཐོ་རིམ་གླེང་སྟེགས་དང་ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་ཀོན་སྡེ་བའི་གླེང་སྟེགས་ལ་བསྐུར་བའི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་གལ་ཆེན་གྱི་དགོངས་དོན་བཅས་བརྒྱུད་སྒྲོག་སློབ་སྦྱོང་བྱས། ནན་གྱིས་བསྟན་དོན། བརྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་ཆེ་ཕྱོགས་ལ་འདྲེས་པར་བྱས་ནས་ཕྱི་ནང་ཕྱོགས་གཉིས་ཀྱི་སྒོ་འབྱེད་རྒྱ་བསྐྱེད་དགོས་ལ། སྐོར་ཐེངས་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་བཅོས་བསྒྱུར་གྱི་ལོ་རྒྱུས་གོ་སྐབས་དམ་འཛིན་བྱེད་པ་དང་། རང་འགུལ་གྱིས་རྒྱལ་ཁབ་ཚན་རྩལ་གསར་གཏོད་ཀྱི་འཐབ་ཇུས་ཆེན་མོའི་ཁྲོད་འདྲེས་པར་བྱས་ཏེ། ཕྱོགས་སོ་སོ་དང་རིམ་པ་སོ་སོ། ཁྱབ་ཁོངས་སོ་སོའི་ཚན་རྩལ་གསར་གཏོད་ཀྱི་སྒོ་འབྱེད་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས།

གྲོས་ཚོགས་ནས་ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཕྱི་ཚུལ་རིང་ལུགས་ལ་བཅོས་བསྒྱུར་གཏིང་ཟབ་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་སྐོར་གྱི་བྱ་བའི་བརྡ་ཐོའི་དགོངས་དོན་བརྒྱུད་སྒྲོག་བྱས་ཏེ་ནན་གྱིས་བསྟན་དོན། འབད་བརྩོན་ལྷོད་མེད་ཀྱིས་བྱ་སྤྱོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། རྒྱུན་རྣམ་ཅན་དང་ནུས་ཡུན་ཅན་གྱིས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བར་ཡར་སྐུལ་བྱས་ཏེ། འབད་འཐབ་ཡར་བརྩོན་དང་ཁག་ཁུར་གྱི་སྙིང་སྟོབས་དར་སྤེལ་བྱེད་དགོས།

གྲོས་ཚོགས་ནས་ཟླ་དྲུག་པའི་ཚེས་གཉིས་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་ཏེ། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གསར་བསྐྲུན་བྱས་ཏེ། སྔར་ལས་ལྷག་པའི་སྒོག་ནས་ནུས་ཁུངས་གསར་བའི་རླངས་འཁོར་གྱི་འཛད་སྤྱོད་སྦས་ཤུགས་སྔོག་འདོན་བྱེད་དགོས་ལ། སློབ་སྔོན་སློབ་གསོའི་ལས་དོན་གྱི་ཁྱབ་གདལ་ཀུན་ཕན་དང་བདེ་འཇགས་སྤུས་ལེགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ནས་མཁར་གྲོང་གི་ས་ཞིང་བེད་སྤྱོད་དཔྱ་ཁྲལ་དང་ལྟ་རྟོག་སྐུལ་སྤེལ་སོགས་ཀྱི་བྱ་བར་ཞིབ་འཇུག་བྱས། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་བདེ་འཇགས་ལས་དོན་ལ་འབྲེལ་བའི་འཛུགས་སྐྲུན་ལས་གཞིའི་དོ་དམ་སྲོལ་ཡིག་འཆར་ཟིན་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་། ལས་རིམ་ལྟར་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་རེ་བ་བཏོན།

གྲོས་ཚོགས་ནས་ད་རུང་ནང་དོན་གཞན་པར་ཞིབ་འཇུག་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།