ཀྲའོ་ལི་ཅི་ཡིས་ཧུང་ཏུའུ་ར་སིའི་ཙུང་ཐུང་ལ་མཇལ་འཕྲད་གནང་།
2023.06.14 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 57

ཚེས13ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་དུ་ཧུང་ཏུའུ་ར་སིའི་ཙུང་ཐུང་ཁཱ་སི་ཐི་ལོ་ལ་མཇལ་འཕྲད་གནང་།

ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོ་དང་ཧུང་ཏུའུ་ར་སི་བར་འབྲེལ་བ་བཙུགས་པའི་དུས་ཚོད་ཐུང་ཡང་མཉམ་ལས་ཀྱི་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཡོད་པས། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་པ་དེ་ལོ་རྒྱུས་ཀྱི་རླབས་རྒྱུན་དང་མཐུན་པ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་ར་སྤྲོད་གང་ལེགས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧུང་ཏུའུ་ར་སི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་གྱི་ཁ་སང་གི་ལོ་རྒྱུས་རང་བཞིན་གྱི་ཐུག་འཕྲད་ཁྲོད་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ནས། ཀྲུང་གོ་དང་ཧུང་ཏུའུ་ར་སི་བར་གྱི་འབྲེལ་བ་བརྟན་པོའི་ངང་རྒྱང་རིང་དུ་སྐྱོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།  ཀྲའོ་ལི་ཅི་ཡིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་ཀྲུང་གོ་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་པའི་འདུ་ཤེས་དང་ལག་ལེན་ངོ་སྤྲོད་བྱས་པ་དང་། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཧུང་ཏུའུ་ར་སིའི་རྒྱལ་ཚོགས་དང་རིམ་པ་མང་བ་དང་ཁྱབ་ཁོངས་མང་བ། རྣམ་པ་མང་བ་བཅས་ཀྱི་བརྗེ་རེས་མཉམ་ལས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས།

ཁཱ་སི་ཐི་ལོ་ཡིས་བསྟན་དོན། ཧུང་ཏུའུ་ར་སི་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་ཕྱིན་པ་དང་ལྷག་པར་དུ་ངས་ད་ཐེངས་ཀྲུང་གོར་འཚམས་འདྲི་བྱས་པའི་གྲུབ་འབྲས་ལས་ཧུང་ཏུའུ་ར་སི་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་པ་དེ་ནི་ཧ་ཅང་ཡང་དག་པའི་ལོ་རྒྱུས་ཀྱི་གདམ་ག་ཞིག་ཡིན་པ་ར་སྤྲོད་གང་ལེགས་བྱས་ཡོད། ཧུང་ཏུའུ་ར་སི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱས་ནས་ཀྲུང་གོ་ཕྱོགས་དང་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྒྲིག་གཞིའི་བརྗེ་རེས་ལ་ཤུགས་བསྣན་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་དང་བརྟན་པོའི་ངང་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཀྲང་ཆིན་ཝེ་མཇལ་འཕྲད་ལ་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།