ཚེས13ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཧུང་ཏུའུ་ར་སིའི་ཙུང་ཐུང་ཁཱ་སི་ཐི་ལོ་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཧུང་ཏུའུ་ར་སིའི་བར་འབྲེལ་བ་བཙུགས་པ་དེ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཁྱེད་གཉིས་ཀྱིས་བཏོན་པའི་ཆབ་སྲིད་ཀྱི་ཇུས་ཆོད་གལ་ཆེན་ཞིག་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཧུང་ཏུའུ་ར་སི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་ཁས་ལེན་ལ་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་དང་། ཧུང་ཏུའུ་ར་སི་ཕྱོགས་དང་མཉམ་དུ་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་བརྟན་པོ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་ཚོང་དོན་གྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ། མི་གཞུང་རིག་གནས་བརྗེ་རེས་ཧུར་ཐག་བྱེད་པ་བཅས་བྱས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད། ཕྱོགས་གཉིས་ཀྱིས་ཕྱོགས་མང་ལས་དོན་ཁྲོད་མཐུན་སྦྱོར་དང་གཞོགས་འདེགས་བྱ་རྒྱུར་ཤུགས་བསྣན་ནས་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གཉིས་ཕན། ཐུན་མོང་འཕེལ་རྒྱས་བཅས་ཀྱི་གྲོགས་པོ་བཟང་པོ་དང་སྤུན་ཟླ་བཟང་པོ་བྱས་ཏེ་ཧུང་ཏུའུ་ར་སི་ཕྱོགས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་ཁྱིམ་ཚང་ཆེན་མོའི་ཁོངས་མི་གསར་པ་ཞིག་ཏུ་འགྱུར་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས།
ཁཱ་སི་ཐི་ལོ་ཡིས་བསྟན་དོན། ཧུང་ཏུའུ་ར་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ཧུང་ཏུའུ་ར་སི་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་རྗེས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ཕན་འབྲས་ཐོན་པའི་ལས་དོན་འབོར་ཆེན་བསྒྲུབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཧུང་ཏུའུ་ར་སི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གྲོས་འགོ་གལ་ཆེན་རབ་དང་རིམ་པར་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་ཁག་གི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཧུང་ཏུའུ་ར་སི་དང་ཀྲུང་གོའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ཆིན་ཀང་སོགས་མཇལ་འཕྲད་ལ་ཞུགས།
ཤ་བོ་གསེར་མཚོས་བསྒྱུར།