ཟླ་དྲུག་པའི་ཚེས་བཅུ་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་ཧྲིལ་བོའི་འགྲོ་མིའི་ཐོབ་ཐང་བཅོས་སྐྱོང་གི་མཐོ་རིམ་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་མིའི་རིགས་ཡང་བསྐྱར་ལོ་རྒྱུས་ཀྱི་བཞི་མདོ་རུ་ལངས་ཡོད་པ་དང་། འཛམ་གླིང་ཧྲིལ་བོའི་འགྲོ་མིའི་ཐོབ་ཐང་གི་བཅོས་སྐྱོང་འགྲན་སློང་ཚབས་ཆེན་དང་འཕྲད་ཡོད། ང་ཚོས་བདེ་འཇགས་ལ་བརྟེན་ནས་འགྲོ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་འདོད་ཡོད་དེ། རྒྱལ་ཁབ་སོ་སོའི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་བརྩི་བཀུར་བྱེད་པ། ཞི་བའི་འཕེལ་རྒྱས་ཀྱི་ལམ་དུ་མཉམ་དུ་བསྐྱོད་པ། འཛམ་གླིང་ཧྲིལ་བོའི་བདེ་འཇགས་གྲོས་མགོ་ལག་བསྟར་བྱེད་པ་བཅས་བྱས་ཏེ། འགྲོ་མིའི་ཐོབ་ཐང་མངོན་འགྱུར་བྱེད་པར་བདེ་ཞིང་འཇགས་པའི་ཁོར་ཡུག་བསྐྲུན་འདོད་ཡོད། འཕེལ་རྒྱས་ལ་བརྟེན་ནས་འགྲོ་མིའི་ཐོབ་ཐང་ལ་ཡར་སྐུལ་བྱེད་འདོད་ཡོད་དེ། འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་གྲོས་མགོ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་དཀྱེལ་ཡངས་རང་བཞིན་དང་ཀུན་ཕན་རང་བཞིན། རྒྱུན་སྲིང་རང་བཞིན་མཐོར་འདེགས་སུ་གཏོང་བ་བཅས་བྱས་ཏེ། སོ་སོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་བགྲོད་ལམ་ལ་བརྟེན་ནས་རྒྱལ་ཁབ་སོ་སོའི་མི་དམངས་ལ་འགྲོ་མིའི་ཐོབ་ཐང་འདྲ་མཉམ་གྱིས་ལོངས་སུ་སྤྱོད་དུ་འཇུག་འདོད་ཡོད། མཉམ་ལས་ལ་བརྟེན་ནས་འགྲོ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་འདོད་ཡོད་དེ། ཕན་ཚུན་བརྩི་བཀུར་བྱེད་པ་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། འཛམ་གླིང་ཧྲིལ་བོའི་དཔལ་ཡོན་གྲོས་མགོ་ལག་བསྟར་བྱེད་པ། དཔལ་ཡོན་བརྗེ་རེས་དང་སློབ་སྦྱོང་ལ་ཤུགས་སྣོན་པ། གྲོས་མོལ་ལ་བརྟེན་ནས་ཐུན་མོང་གི་ལྟ་བ་གཅིག་སྡུད་བྱེད་པ་བཅས་བྱས་ཏེ། འགྲོ་མིའི་ཐོབ་ཐང་དཔལ་ཡོན་གྱི་དར་རྒྱས་གོང་འཕེལ་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་དང་། དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་ལ་རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམ་པའི་འགྲོ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད་དུ་འགྲོ་མིའི་ཐོབ་ཐང་གི་འགན་སྲུང་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་བྱས་ཏེ། མི་རང་དབང་སྒོས་ཕྱོགས་ཡོངས་ནས་གོང་དུ་འཕེལ་བར་ཡར་སྐུལ་བྱེད་པ་ཡིན། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། ཝེ་ཡེ་ནའི་བསྒྲགས་གཏམ་དང་འགུལ་སྐྱོད་རྩ་འཛིན་གྱི་དགོངས་དོན་ལག་བསྟར་བྱས་ཏེ། འཛམ་གླིང་ཧྲིལ་བོའི་འགྲོ་མིའི་ཐོབ་ཐང་གི་བཅོས་སྐྱོང་དེ་སྔར་ལས་འདྲ་མཉམ་དང་དྲང་གཞག ལུགས་མཐུན། དཀྱེལ་ཡངས་བཅས་ཀྱི་ཕྱོགས་སུ་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་བང་ནས། སྔར་ལས་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་སྐྲུན་བྱེད་འདོད་ཡོད།
འཛམ་གླིང་ཧྲིལ་བོའི་འགྲོ་མིའི་ཐོབ་ཐང་བཅོས་སྐྱོང་གི་མཐོ་རིམ་གླེང་སྟེགས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་དང་ཕྱི་འབྲེལ་པུའུ། རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཧྲུའུ་བཅས་ཀྱི་མཉམ་དུ་གཙོ་སྒྲུབ་བྱས་པ་དང་། བརྗོད་དོན་གཙོ་བོ་ནི་འདྲ་མཉམ་དང་མཉམ་ལས། འཕེལ་རྒྱས་ཏེ་ཝེ་ཡེ་ནའི་བསྒྲགས་གཏམ་དང་འགུལ་སྐྱོད་རྩ་འཛིན་ལ་གྲོས་འཆམ་བྱུང་ནས་ལོ་འཁོར་སུམ་ཅུ་ལོན་པ་དང་འཛམ་གླིང་ཧྲིལ་བོའི་འགྲོ་མིའི་ཐོབ་ཐང་གི་བཅོས་སྐྱོང་ཞེས་པ་དེ་ཡིན་ལ། ཚེས་བཅུ་བཞི་ཉིན་པེ་ཅིང་དུ་འཚོགས་མགོ་བརྩམས།