ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས།
2023.06.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་དྲུག་པའི་ཚེས་བཅུ་བཞི་ཉིན།  ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི།  ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་ཏང་ཙུའུ་གྲོས་ཚོགས་ཐེངས་བརྒྱད་པ་དང་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་དགུ་པ་བསྡུས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་།   བརྗོད་དོན་སློབ་གསོའི་ཐུན་མོང་སློབ་སྦྱོང་སྤེལ་བར་མ་ཟད།    འབྲེལ་ཡོད་དོན་དག་ལ་ཉན་པ་དང་གྲོས་ཞིབ་བྱས།

གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་ལྔ་པ་དང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་སྐབས་ཉི་ཤུ་པའི་གྲོས་ཚོགས་ཐེངས་དང་པོ།   རིག་གནས་རྒྱུན་འཛིན་གོང་སྤེལ་བཞུགས་མོལ་ཚོགས་འདུ་དང་ནང་སོག་ཏུ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།   གྲོས་ཚོགས་སྟེང་སློབ་སྦྱོང་ནན་མོ་བྱས་ཏེ་གོ་བ་ཟབ་མོ་ལེན་པ་དང་དགོངས་དོན་གྱི་ངོ་བོར་ཕྱོགས་ཡོངས་ནས་རྒྱུས་ལོན་བྱེད་པ།   བརྗོད་དོན་སློབ་གསོར་ཟུང་འབྲེལ་དམ་པོ་བྱེད་པ།   སྦྱངས་པའི་ཤེས་བྱ་ཡོད་ཚད་རྙོག་འཛིང་གི་གནད་དོན་ཐག་གཅོད་པའི་བྱེད་ནུས་སུ་བསྒྱུར་བ་དང་ཁག་ཁུར་ནུས་ལྡན་གྱི་བསམ་པའི་སྟོབས་ཤུགས་སུ་བསྒྱུར་ནས་སྲིད་གྲོས་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ།   སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་རྒྱལ་ཁབ་བདེ་འཇགས་མ་ལག་འཛུགས་སྐྲུན་བྱེད་པ།   སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འཛུགས་སྐྲུན་བྱེད་པ། དེ་མིན་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བཅས་ཁྲོད་འཕྲད་པའི་གནད་དོན་གལ་ཆེན་གཅིག་བསྡུས་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་ཧུར་ཐག་གིས་བློ་འདོན་ཇུས་འབུལ་བྱེད་པ།   རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་རིགས་སོ་སོ་དང་ལས་རིགས་སོ་སོའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་མཚོ་སྔོན་འཕེལ་རྒྱས་རྣམ་པ་གསར་པའི་ཁྲོད་འདྲེས་པར་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཐད་ཐུན་མོང་གི་ངོས་འཛིན་གཅིག་བསྡུས་བྱེད་པ་བཅས་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་མི་དམངས་སྲིད་གྲོས་ཀྱི་བྱ་བ་བཟང་བོར་བསྒྲུབ་པ་དང་མི་དམངས་སྲིད་གྲོས་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་དངོས་ལ་བསྒྱུར་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་སྟེང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བའི་ཆེད་དོན་གནད་བསྡུས་དང་ཞི་ཅིན་ཕིང་གི་བརྟག་དཔྱད་ཞིབ་འཇུག་སྐོར་ཀྱི་རྒྱས་བཤད་གནད་བསྡུས་ཀྱི་འབྲེལ་ཡོད་ནང་དོན་སློབ་སྦྱོང་བྱས།   གྲོས་ཚོགས་སྟེང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཁྲོད་བསླབ་པའི་བྱེད་ནུས་དག་བྱ་བ་དངོས་ཀྱི་ཁྲོད་བཀོལ་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་སྲིད་གྲོས་ཀྱིས་ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ།   སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ལག་བསྟར་བྱེད་པའི་བྱེད་ཐབས་གསར་པ་རུ་བསྒྱུར་བར་སྐུལ་འདེད་གཏོང་བ་དང་།    སྤུས་ཚད་མཐོ་བ་དང་ཆུ་ཚད་མཐོ་བའི་སྒོ་ནས་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱེད་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྗོད་དོན་སློབ་གསོའི་ཁྲོད་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ་ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བའི་བརྡ་ཐོ་དང་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་བྱས་དང་།    ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ཉིས་སྟོང་ཉེར་གཉིས་ལོའི་དམིགས་འབེན་འགན་འཁྲིའི་དཔྱད་ཞིབ་གནས་ཚུལ་དང་ལས་བྱེད་པ་དང་ལས་བཟོ་བའི་གྲུབ་འབྲས་དཔྱད་ཞིབ་གནས་ཚུལ་ཐད་ཀྱི་སྙན་ཞུ་དང་། ཞིང་ཆེན་སྲིད་གྲོས་རིག་གནས་ལོ་རྒྱུས་ཡིག་ཆའི་ཁང་འཛུགས་སྐྲུན་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན།

གྲོས་ཚོགས་སྟེང་ཞིང་ཆེན་སྲིད་གྲོས་ལས་ཁུངས་ཏང་ཙུའུ་དང་ཆེད་དོན་ལྷན་ཁང་སོ་སོའི་ཡན་ལག་ཏང་ཙུའུ་ཡི་ཏང་འཛུགས་གནས་ཚུལ་དང་།  ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིན་དང་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་ཕྱི་རུ་སློབ་སྦྱོང་ལྟ་ཞིབ་བྱས་པའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པར་མ་ཟད།   འབྲེལ་ཡོད་མི་དོན་དོན་དག་ལ་གྲོས་ཞིབ་བྱས།

ཞིང་ཆེན་སྲིད་གྲོས་ཀྱི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་རིན་ཆེན་རྣམ་རྒྱལ་དང་ཁོང་ཡུང་།   ཝང་ཞོན།   ཀྲང་ཞའོ་རོང་།   ལིའུ་ཏ་ཡེ།   མཱ་ཡུའེ་ཞང་།  ཕིན་ཡིའུ་ཏུང་བཅས་གྲོས་ཚོགས་ལ་ཞུགས།

                                                                                                         ལྷ་མོ་ཚེ་རིང་གིས་བསྒྱུར།