གཙང་གསུམ་འགོ་ཁུངས་དང་འཆམ་མཐུན་མཉམ་གནས་བྱེད་ཅེས་པའི2023ལོའི་སྐྱེ་ཁམས་དཔལ་ཡོན་རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་གླེང་སྟེགས་ཟི་ལིང་དུ་བསྡུས།
2023.06.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

གཙང་གསུམ་འགོ་ཁུངས་དང་འཆམ་མཐུན་མཉམ་གནས་བྱེད་ཅེས་པའི2023ལོའི་སྐྱེ་ཁམས་དཔལ་ཡོན་རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་གླེང་སྟེགས་ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན་ཟི་ལིང་དུ་བསྡུས།

ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལིས་ཞི་ཁུའེ་ཡིས་ཤིས་ཚིག་ཕུལ་བ་དང་། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིའུ་ཐུང་ཏི་གླེང་སྟེགས་ལ་ཞུགས། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་གླེང་སྟེགས་ལ་ཞུགས་པར་མ་ཟད་ཤིས་ཚིག་ཕུལ། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་སའོ་ཧའེ་ཨར.ཧྭན་དང་སའེ་ཕུའུ་ལུའུ་སིའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་མཱ་ཧྲ.མ་ཧྥུའུ་ལའོ་མ་ཏིས་གཉིས་ཀྱིས་སོ་སོར་ཤིས་ཚིག་ཕུལ། ཀྲུང་གོའི་ཚན་རིག་གླིང་གི་ཡོན་ཧྲི། མདོ་དབུས་མཐོ་སྒང་་ཞིབ་འཇུག་ཁང་གི་མགོ་གཙོ། ཀྲུང་གོའི་ས་ཁམས་རིག་པའི་སློབ་ཚོགས་ཀྱི་ལས་འཛིན་དཔོན་པོ་ཁྲིན་ཧྥ་ཧུའུ་བརྙན་རིས་ཀྱི་ལམ་ནས་ཤིས་ཚིག་ཕུལ། སྐྱེ་ཁམས་ཁོར་ཡུག་པུའུ་ཕྱི་ཕྱོགས་མཉམ་ལས་དང་བརྗེ་རེས་ལྟེ་གནས། ཀྲུང་གོ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོར་ཡུག་སྲུང་སྐྱོབ་མཉམ་ལས་ལྟེ་གནས་ཀྱི་ཀྲུའུ་རིན་ཀྲང་ཡུས་ཅུན་སོགས་ཀྲུང་གོ་ཕྱོགས་ཀྱི་སྐུ་མགྲོན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་འཆར་འགོད་ཧྲུའུ་ཡི་ཀྲུང་གོར་སྡོད་པའི་འཐུས་ཚབ་པ་ཐུའུ་རུའེ་ཧི་སོགས་ཕྱི་རྒྱལ་གྱི་སྐུ་མགྲོན་གྱིས་མཉམ་དུ་འཆམ་མཐུན་རང་བྱུང་མཉམ་སྐྲུན་བྱེད་པའི་གསར་གཏོད་ལག་ལེན་ཁྲོད་སྣ་མང་ཟབ་ཞུགས་བྱེད་པའི་བརྗོད་གཞིར་དམིགས་ནས་གླེང་མོལ་བརྗེ་རེས་བྱས།

རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་དང་། ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་སྐོར་ཞིག འབྲེལ་ཡོད་ཀྱི་རྒྱལ་སྤྱིའི་རྩ་འཛུགས་དང་ལས་རིགས་མཐུན་ཚོགས་ཀྱི་འཐུས་ཚབ་པ། སྐུ་མགྲོན་བཅས་གླེང་སྟེགས་ལ་ཞུགས།

སྐབས་འདིའི་གླེང་སྟེགས་ཀྱིས་འདྲ་མཉམ་དཔེ་ལྟ་དང་དཔུང་གཤིབ་མཉམ་བསྐྱོད་བརྗོད་སྙིང་དུ་བྱས་པ་དང་། དམིགས་ཡུལ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་གྲོས་གཞི་དང་འཛམ་གླིང་ཧྲིལ་བོའི་བདེ་འཇགས་གྲོས་གཞི། འཛམ་གླིང་ཧྲིལ་བོའི་དཔལ་ཡོན་གྲོས་གཞི་ལག་བསྟར་བྱེད་པ་དང་། མཚོ་སྔོན་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པའི་ལག་ལེན་ལ་བརྟེན་ནས། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་པའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འབད་འཐབ་མདུན་སྐྱོད་ཀྱི་ལམ་བུ་མངོན་པར་བྱེད་པ་དང་། འཛམ་གླིང་དང་མཉམ་དུ་མི་དང་རང་བྱུང་གི་ཚེ་སྲོག་གཅིག་མཐུན་ཚོགས་པ་མཉམ་གྲོས་མཉམ་སྐྲུན་བྱེད་རྒྱུ་དེ་ཡིན།

གླེང་སྟེགས་སྐབས་སུ། མཚོ་སྔོན་ཞིང་ཆེན་དང་ཀྲི་ལིའི་ཨོ་ཞི་ཅིན་སི་ས་ཁུལ་ཆེན་པོ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་ཕྱི་ཕྱོགས་མཛའ་འབྲེལ་མཐུན་ཚོགས་དང་ཀྲུང་གོ་དང་ལ་ཏིན་མེ་གླིང་དང་ཅཱ་ལི་པིས་ཡུལ་སྐོར་དང་ཚན་རྩལ། རིག་གནས་བརྗེ་རེས་སྐུལ་སྤེལ་མནའ་མཐུན་བཅས་ཀྱིས་སོ་སོར་བརྙན་རིས་ཀྱི་ལམ་ནས་མཛའ་མཐུན་ཞིང་ཆེན་དང་ས་ཁུལ་གྱི་འབྲེལ་བ་འཛུགས་པའི་གྲོས་མཐུན་ཡི་གེ་དང་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཀོད།

རིན་ཆེན་མཚོས་བསྒྱུར།