རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཚེས་བཅོ་ལྔ་ཉིན་པེ་ཅིང་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཕཱ་ལེ་སི་ཐན་ནི་གྲོགས་པོ་བཟང་བོ་དང་སྤུན་ཟླ་བཟང་བོ་ཡིན། ཚེས་བཅུ་བཞི་ཉིན་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གིས་མཉམ་དུ་ཀྲུང་གོ་དང་ཕཱ་ལེ་སི་ཐན་བར་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པ་ཁྱབ་བསྒྲགས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆུ་ཚད་ཇེ་མཐོར་བཏང་། ཀྲུང་གོ་ཕྱོགས་ཀྱིས་ཕཱ་ལེ་སི་ཐན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་སོ་ལྔ་འགོར་བ་གོ་སྐབས་སུ་བྱས་ཏེ། ཀྲུང་གོ་དང་ཕཱ་ལེ་སི་ཐན་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་ངེས་པ་དོན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད། ང་ཚོས་མུ་མཐུད་དུ་ཕན་ཚུན་རྒྱབ་སྐྱོར་དང་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ། མི་གཞུང་བརྗེ་རེས་ཇེ་ཟབ་ཏུ་བཏང་སྟེ། རྒྱུན་ཆད་མེད་པར་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བཤེས་ཇེ་ཟབ་ཏུ་གཏོང་བ་དང་རྒྱུན་འཛིན་བྱེད་དགོས་ལ། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་དྲང་བདེན་ལ་མགོ་འཛིན་བྱས་ཏེ། ཕཱ་ལེ་སི་ཐན་གྱི་གནད་དོན་དེ་ཕྱོགས་ཡོངས་ནས་དྲང་བདེན་གྱིས་ཐག་གཅོད་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་རྒྱུ་ཡིན་ཟེར།
ཨ་པཱ་སི་ཡིས་བསྟན་དོན། ཀྲུང་གོ་ནི་རླབས་ཆེ་བའི་རྒྱལ་ཁབ་ཅིག་རེད། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ཀྲུང་གོས་ཕཱ་ལེ་སི་ཐན་མི་དམངས་ཀྱི་དྲང་བདེན་ལས་དོན་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་གཅིག་གྱུར་ལས་དོན་ཆེན་མོར་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་རང་སྟེང་གི་དྲང་བདེན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོའི་བར་གྱི་མཛའ་མཐུན་མཉམ་ལས་ལ་ཤུགས་སྣོན་བྱས་ནས། ཕཱ་ལེ་སི་ཐན་གྱི་གནད་དོན་སྔ་མོ་ནས་ཐག་གཅོད་ཐུབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།