དེ་རིང་པར་དུ་བསྐྲུན་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་བཅུ་གཉིས་པའི་སྟེང་དུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་ཏེ《ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་འཐུས་ཚང་དུ་བཙུགས་ནས་དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པ་གཏིང་ཟབ་ཏུ་གོང་དུ་སྤེལ་བར་སྐུལ་འདེད་གཏོང་དགོས》ཞེས་པ་སྤེལ།
གསུང་རྩོམ་ནང་དུ། ཏང་གི་འཛུགས་སྐྲུན་ནི་རླབས་ཆེན་བཟོ་སྐྲུན་ཞིག་ཏུ་བརྩིས་ནས་སྐུལ་སྤེལ་བྱེད་རྒྱུ་མ་ཟད། ཏང་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རྩ་དོན་དང་བྱེད་ཕྱོགས་དུས་གཏན་དུ་རྒྱུན་འཁྱོངས་བྱེད་པ་ནི། ང་ཚོའི་ཏང་གི་གསར་གཏོད་ཆེན་པོ་ཞིག་ཡིན་ལ། ཏང་འཛུགས་རྒྱལ་འཛུགས་དང་ཏང་དར་རྒྱལ་དར་གྱི་ཐབས་ལམ་ཆེན་པོ་ཞིག་ཀྱང་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ང་ཚོས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་དེ་དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་མངོན་པར་གསལ་བའི་བརྗོད་དོན་དུ་བྱས་ནས། གསར་གཏོད་ཀྱི་གཞུང་ལུགས་རབ་དང་རིམ་པ་བཏོན་པ་དང་། སྒྱུར་བཅོས་ཀྱི་ལག་ལེན་རབ་དང་རིམ་པ་ལག་བསྟར་བྱས་ལ། ལམ་ལུགས་ཀྱི་ཚད་གཞི་རབ་དང་རིམ་པ་འཐུས་ཚང་དུ་བཏང་སྟེ། ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་འདི་ཉིད་རྒྱུན་མ་ཆད་པར་གཏིང་ཟབ་ཏུ་གོང་འཕེལ་གཏོང་བར་སྐུལ་འདེད་བཏང་ནས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་ཞིག་ཐོག་མར་བཙུགས་ཡོད་ཅེས་ནན་གྱིས་བསྟན་ཡོད།
གསུང་རྩོམ་ནང་དུ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་འཛུགས་པ་ནི་ཁྱོན་ཡོངས་རང་བཞིན་དང་གསར་གཏོད་རང་བཞིན་ལྡན་པའི་བྱ་བ་ཞིག་ཡིན། དུས་རབས་གསར་པའི་ལོ་བཅུའི་རིང་ལ། ང་ཚོའི་ཏང་གིས་རང་ངོས་གསར་བརྗེའི་ཆོས་ཉིད་ཐད་ཀྱི་ངོས་འཛིན་རྒྱུན་མ་ཆད་པར་ཇེ་ཟབ་ཏུ་བཏང་བ་དང་། ཏང་གི་འཛུགས་སྐྲུན་གྱི་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་རྒྱུན་མ་ཆད་པར་སྤེལ་ཏེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་འཛུགས་པར་གྲུབ་འབྲས་གཡུར་དུ་ཟ་བ་བསགས་ཡོད། ང་ཚོས་ཏང་གི་འཛུགས་སྐྲུན་འདི་ཏང་གི་གཞི་རྩ་རང་བཞིན་གྱི་འཛུགས་སྐྲུན་དུ་བརྩིས་པ་དང་། བསམ་བློའི་འཛུགས་སྐྲུན་དེ་ཏང་གི་རྨང་གཞི་རང་བཞིན་གྱི་འཛུགས་སྐྲུན་དུ་བརྩིས་ཏེ། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་བཏོན་པ་དང་རྒྱུན་འཁྱོངས་བྱས་ལ། ཀུན་སྤྱོད་འཛུགས་སྐྲུན་གྱི་རྣམ་པ་གསར་པར་བརྟེན་ནས་མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་གོང་བཀུར་ཐོབ་པར་བྱས་ཤིང་། སྒྲིག་ཁྲིམས་འཛུགས་སྐྲུན་དེ་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བཀོད་སྒྲིག་ཁྲོད་བཞག་པ་དང་། ལམ་ལུགས་འཛུགས་སྐྲུན་དེ་ཏང་གི་འཛུགས་སྐྲུན་སྣ་ཚོགས་ཁྲོད་དུ་འདྲེས་པར་བྱས་ཏེ། ལོ་རྒྱུས་སྟེང་མཐོང་མ་མྱོང་བའི་རུལ་རྒོལ་འཐབ་རྩོད་སྤེལ་ནས། ཀྲུང་གོའི་ཁྱད་ཆོས་ཅན་གྱི་རུལ་རྒོལ་གྱི་བགྲོད་ལམ་ཞིག་ཏུ་རྒྱལ་ཁའི་ངང་བསྐྱོད་ཡོད། འཛམ་གླིང་ཧྲིལ་བོར་བལྟས་ཚེ། ཀྲུང་གོ་གུང་ཁྲན་ཏང་ལྟར་དུ་རང་ངོས་ཀྱི་འཛུགས་སྐྲུན་ལ་གཟབ་ནན་གྱིས་ལྟ་སྟངས་འདི་འདྲ་བཟུང་བ་དང་། འདི་འདྲའི་རང་རྟོགས་ཀྱིས་ཚན་རིག་དང་མཐུན་པའི་རྣམ་འགྱུར་དང་མ་ལག་ཅན་གྱི་ཐབས་ཤེས་ལ་བརྟེན་ནས་རང་ངོས་གསར་བརྗེ་སྤེལ་བའི་སྲིད་ཏང་ཞིག་གཏན་ནས་མེད་ལ། འདི་ནི་ང་ཚོའི་ཏང་གི་མངོན་གསལ་གྱི་ཁྱད་སྟོབས་ཡིན་པ་དང་། དུས་རབས་ལ་སྣེ་ཁྲིད་པའི་རྒྱལ་ཁའི་བགྲོད་ལམ་ཡང་ཡིན་ཞེས་བསྟན་ཡོད།
གསུང་རྩོམ་ནང་དུ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་འཐུས་ཚང་དུ་འཛུགས་པ་ནི། ཏང་གི་ཚོགས་ཆེན་ཉི་ཤུ་པས་བཏོན་པའི་དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་བྱེད་ཐབས་གལ་ཆེན་ཡིན། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་ནི་ནང་དོན་ཕུན་སུམ་ཚོགས་ཤིང་བྱེད་ནུས་འཐུས་སྒོ་ཚང་ལ། ཚན་རིག་དང་མཐུན་ཞིང་ཚད་ལྡན་ཡིན་པ་དང་། འཁོར་སྐྱོད་ཀྱི་ཕན་འབྲས་མཐོ་བའི་འགུལ་རྣམ་མ་ལག་ཅིག་ཡིན་དགོས། མ་ལག་འདི་འཐུས་ཚང་དུ་འཛུགས་པར་ལམ་ལུགས་ཀྱིས་ཏང་སྐྱོང་རྒྱུ་དང་སྒྲིག་ཁྲིམས་ཀྱིས་ཏང་སྐྱོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཕྱོགས་སོ་སོའི་འཛུགས་སྐྲུན་ནུས་ལྡན་སྦྲེལ་མཐུད་དང་མཉམ་འགུལ་གཅིག་སྡུད། གཞོགས་འདེགས་མཐུན་སྦྱོར་བཅས་བྱེད་རྒྱུ་སྔར་ལས་འབུར་དུ་ཐོན་པར་བྱེད་དགོས་པ་དང་། སྒྲིག་སྲོལ་རྐྱེན་སྲོལ་གྱི་འཐུས་སྒོ་ཚང་བ་དང་ཁྲིམས་སྲོལ་ལམ་ལུགས་ཚན་རིག་དང་མཐུན་ཞིང་ཕན་འབྲས་ལྡན་པ་སྔར་ལས་འབུར་དུ་ཐོན་པར་བྱེད་དགོས་ལ། བཅོས་སྐྱོང་གི་འདུ་ཤེས་དང་མ་ལག་གི་འདུ་ཤེས། རྩོད་སྒྲུབ་ཀྱི་བསམ་ཕྱོགས་བཅས་བཀོལ་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་། ཏང་འཛུགས་སྐྲུན་བཅས་བྱེད་པ་སྔར་ལས་འབུར་དུ་ཐོན་པར་བྱེད་དགོས། ནང་དོན་གྱི་ཆ་ནས་ཡོངས་སུ་ཁེབས་པ་རྒྱུན་འཁྱོངས་བྱས་ཏེ་ཏང་གི་འཛུགས་སྐྲུན་གང་དུ་སྤེལ་ན། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་དེ་རུ་འཛུགས་དགོས། ཁ་གཏད་ཀྱི་ཆ་ནས་ཡོངས་སུ་ཁེབས་པ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་རིམ་པ་སོ་སོའི་རྩ་འཛུགས་དང་ཏང་ཡོན་ཡོངས་ལ་ཁ་གཏད་དེ། ཏང་ཡོངས་ལ་དོ་དམ་དང་ཏང་ཡོངས་བཅོས་སྐྱོང་བྱེད་དགོས། འགན་འཁྲིའི་ཆ་ནས་བརྒྱུད་རིམ་ཡོངས་ལ་ཁྱབ་པ་རྒྱུན་འཁྱོངས་བྱས་ཏེ། རིམ་པ་རེ་རེར་གནོན་ཤུགས་བརྒྱུད་སྤྲོད་བྱས་ཏེ་འགན་འཁྲི་བརྒྱུད་རིམ་སོ་སོར་ནན་དཀྲི་བྱེད་དགོས། ལམ་ལུགས་ཀྱི་ཆ་ནས་ཡོངས་ལ་སྦྲེལ་མཐུད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ལམ་ལུགས་འཛུགས་སྐྲུན་དེ་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བརྒྱུད་རིམ་ཧྲིལ་བོ་དང་ཕྱོགས་སོ་སོ། རིམ་པ་སོ་སོ་བཅས་ནས་མཚོན་དགོས་ཞེས་བསྟན་ཡོད།
གསུང་རྩོམ་ནང་དུ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་འཐུས་ཚང་དུ་འཛུགས་པ་ནི། ཏང་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན་པས། ངེས་པར་དུ་ཏང་གི་ཆབ་སྲིད་ཁྱད་སྟོབས་དང་རྩ་འཛུགས་ཁྱད་སྟོབས། ལམ་ལུགས་ཁྱད་སྟོབས་བཅས་འདོན་སྤེལ་གང་ལེགས་བྱེད་དགོས། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་འོག་ཏུ། རང་འགན་རང་ཁུར་དང་གཅིག་གྱུར་མཐུན་སྦྱོར་གྱི་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲིའི་སྒྲིག་གཞི་འཐུས་ཚང་དུ་བཙུགས་ནས། ཆ་ཚང་གི་བླང་བྱ་དང་གཟབ་ནན་གྱི་དགོངས་གཞི། བཅོས་སྐྱོང་གི་འདུ་ཤེས་བཅས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་འཛུགས་པའི་ཁྲོད་དུ་དོན་འཁྱོལ་བྱེད་པ་དང་། ལམ་ལུགས་ཅན་དང་ཚད་ལྡན་ཅན། ཚན་རིག་ཅན་བཅས་ཀྱི་ཆུ་ཚད་རྒྱུན་མ་ཆད་པར་ཇེ་མཐོར་གཏོང་བ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱ་བ་སྣ་ཚོགས་ཀྱིས་དུས་རབས་རང་བཞིན་སྔར་ལས་མངོན་པར་མཚོན་པ་དང་ཆོས་ཉིད་རང་བཞིན་སྔར་ལས་སྟངས་འཛིན་བྱེད་པ། གསར་གཏོད་རང་བཞིན་གྱིས་ཡོངས་སུ་ཕྱུག་པ་བཅས་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་བདེ་ཐང་ངང་གོང་དུ་འཕེལ་བར་ཆབ་སྲིད་དང་བསམ་བློ། རྩ་འཛུགས་ཀྱི་ཁག་ཐེག་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད།