ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་ཧྲའན་ཞི་ཞིང་ཆེན་གྱི་ཧྲིན་ཀྲང་ཀྲའོ་ཀང་སོགས་ལ་ཐུག་འཕྲད་བྱས།
2023.06.16 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 12

ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཟི་ལིང་ནས་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་འགྲེམ་སྟོན་ཚོགས་འདུ་སྐབས་གསུམ་པར་ཞུགས་པར་མ་ཟད་མཚོ་སྔོན་ལ་རྟོག་ཞིབ་ཏུ་ཡོང་བའི་ཧྲའན་ཞི་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཀྲའོ་ཀང་སོགས་ལ་ཐུག་འཕྲད་བྱས།

ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་ཀྲའོ་ཀང་སོགས་མཚོ་སྔོན་དུ་ཚོགས་འདུར་ཞུགས་པ་དང་རྟོག་ཞིབ་བྱེད་དུ་ཡོང་བར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་དང་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས། ཁོ་ཚོས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཧྲའན་ཞི་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱས་ཏེ། ཏན་ཏན་ཏིག་ཏིག་གིས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོས་གོང་དུ་སྤེལ་བ་དེ་ནི་མཚོ་སྔོན་གྱིས་སློབ་སྦྱོང་བྱེད་སའི་མིག་དཔེ་ཡིན། ཉེ་སྔོན་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྩེ་ཚོགས་བསྡུས་པ་དེས་འཛམ་གླིང་ཡོངས་ལ་གནའ་བོའི་རྒྱལ་ས་ཞི་ཨན་གྱི་ཐུན་མིན་མཛེས་པ་སྔར་ལས་བཟང་བོར་ངོམས་ཡོད། མཚོ་སྔོན་དང་ཧྲའན་ཞི་གཉིས་ཀ་མེས་རྒྱལ་གྱི་ནུབ་བྱང་ཕྱོགས་སུ་མཉམ་དུ་གནས་པ་དང་རྨ་ཆུ་སྔོན་མོ་མཉམ་འཐུང་བྱེད་བཞིན་ཡོད། ཕྱོགས་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་སོགས་ཀྱི་གོ་སྐབས་གལ་ཆེན་ལེགས་པར་སྤྱད་དེ། སྐྱེ་ཁམས་དང་ནུས་ཁུངས། ཐོན་ལས། ཕྱི་ཕྱོགས་སྒོ་འབྱེད་སོགས་ཐད་ནས་མཉམ་ལས་ཟབ་མོ་བྱས་ཏེ། རྨ་ཆུའི་འགྲམ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས།

ཀྲའོ་ཀང་གིས་བཤད་རྒྱུར། སྐབས་འདིའི་འགྲེམ་སྟོན་ཚོགས་འདུ་བསྡུས་པ་དེས་ཕྱོགས་སོ་སོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་བསྟར་སྔར་ལས་ཟབ་མོ་བྱེད་པ་དང་། ས་ཁོངས་སོ་སོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པར་སྟེགས་བུ་རྩ་ཆེན་འདོན་སྤྲོད་བྱས་སོང་། ཧྲའན་ཞི་དང་མཚོ་སྔོན་ཞིང་ཆེན་གཉིས་ཀ་རྨ་ཆུའི་འགྲམ་རྒྱུད་དུ་མཉམ་དུ་གནས་པ་དང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་འགན་འཁྲི་ལྕི་མོ་མཉམ་དུ་ཁུར་ཡོད། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་གཉིས་བར་གྱི་མི་སྣའི་འགྲོ་འོང་ཟབ་པ་དང་། དཔལ་འབྱོར་ཉོ་ཚོང་གི་མཉམ་ལས་མང་ཞིང་། རིག་གནས་བརྗེ་རེས་ཀྱི་རྣམ་པ་ཕུན་སུམ་ཚོགས་པ་དང་། མཉམ་ལས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། ཞིང་ཆེན་གཉིས་ཀྱིས་རྗེས་ཕྱོགས་མུ་མཐུད་དུ་རང་སོ་སོའི་ཁྱད་སྟོབས་བཏོན་ནས། ཕྱི་ཕྱོགས་སྒོ་འབྱེད་དང་ཐོན་ལས་ལྗང་མདོག་ཚུལ་སྒྱུར་རིམ་སྤོར། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ། དག་གཙང་ནུས་ཁུངས་གསར་སྤེལ་བེད་སྤྱོད་སོགས་ཁྱབ་ཁོངས་སུ་མཉམ་ལས་དམ་པོ་བྱས་ཏེ། སྟོབས་ཤུགས་མཉམ་བསྡུས་ཀྱིས་ནུབ་རྒྱུད་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུའི་རེ་བ་ཆེ་ཟེར།

ཞིང་ཆེན་གྱི་མགོ་ཁྲིད་ཝང་ཝེ་ཏུང་དང་ཀྲུའུ་ཞང་ཧྥིན་གཉིས་ཐུག་འཕྲད་ལ་ཞུགས།