ཀྲའོ་ལི་ཅི་ཡིས་མགོ་འཛིན་མཛད་དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་ལྔ་བ་བསྡུས།
2023.06.17 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 37

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་ལྔ་བ་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད། གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་བརྒྱད་ཉིན་བར་པེ་ཅིང་དུ་བསྡུ་རྒྱུ་ཐག་བཅད།

ཨུ་ཡོན་ཀྲང་གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་ནས་གེགས་མེད་ཁོར་ཡུག་འཛུགས་སྐྲུན་བཅའ་ཁྲིམས་འཆར་ཟིན་དང་ཕྱི་ཕྱོགས་འབྲེལ་བའི་བཅའ་ཁྲིམས་འཆར་ཟིན། སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན། རྒྱ་མཚོའི་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་བཅས་ལ་གྲོས་ཞིབ་བྱེད་རྒྱུ་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཀྱི་གྲོས་ཞིབ་བྱེད་པར་སྤྲོད་པའི་རྒྱལ་གཅེས་རིང་ལུགས་སློབ་གསོའི་བཅའ་ཁྲིམས་འཆར་ཟིན་གྲོས་གཞིར་གྲོས་ཞིབ་བྱེད་རྒྱུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་ཞིབ་བྱེད་པར་སྤྲོད་པའི་འབྲུ་རིགས་བདེ་འཇགས་འགན་སྲུང་བཅའ་ཁྲིམས་འཆར་ཟིན་གྲོས་གཞིར་གྲོས་ཞིབ་བྱེད་རྒྱུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཡོན་ཀྲང་གྲོས་ཚོགས་ནས་གྲོས་ཞིབ་བྱེད་པར་སྤྲོད་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཆོད་དོན་འཆར་ཟིན་གྲོས་གཞིར་གྲོས་ཞིབ་བྱེད་རྒྱུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོ་གཏན་འཁེལ་བྱེད་པའི་ཆོད་དོན་འཆར་ཟིན་གྲོས་གཞིར་གྲོས་ཞིབ་བྱེད་རྒྱུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་ཞིབ་བྱས་ནས་ཆོག་མཆན་འགོད་པར་སྤྲོད་པའི་ཝན་གོ་སྦྲགས་སྲིད་མནའ་འབྲེལ་རྩ་འཛུགས་བཅའ་ཁྲིམས་ཀྱི་ཟུར་སྣོན་གྲོས་ཆོད་ཡི་གེ་དགུ་བའི་གྲོས་གཞི་དང་། གྲོས་ཞིབ་བྱས་ནས་ཆོག་མཆན་འགོད་པར་སྤྲོད་པའི་ཁྲིམས་འགལ་མཁའ་འགྲུལ་གནམ་གྲུ་བཙན་ཁྲིད་བྱེད་པར་བཀག་འགོག་བྱེད་པའི་སྤྱི་ཆིངས་ཀྱི་ཁ་གསབ་གྲོས་ཆོད་ཡི་གེའི་གྲོས་གཞིར་གྲོས་ཞིབ་བྱེད་རྒྱུ་བཅས་ཀྱི་གྲོས་གཞི་བཏོན།

ཨུ་ཡོན་ཀྲང་གྲོས་ཚོགས་ནས་གྲོས་གཞི་བཏོན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་ལ་ད་རུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཉིས་སྟོང་ཉེར་གཉིས་ལོའི་ཀྲུང་དབྱང་ངེས་རྩིས་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱེད་པ་དང་། ཉིས་སྟོང་ཉེར་གཉིས་ལོའི་ཀྲུང་དབྱང་ངེས་རྩིས་ལ་གྲོས་ཞིབ་བྱས་ནས་ཆོག་མཆན་འགོད་པ། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མའོ་ལོ་ཀི་དང་སེ་ནེ་ཀལ། མཱ་ལེ་ཞི་ཡཱ་བཅས་སུ་འཚམས་འདྲི་བྱས་པའི་གནས་ཚུལ་སྐོར་གྱི་ཡིག་ཐོག་སྙན་ཞུར་གྲོས་ཞིབ་བྱེད་པ། འབྲེལ་ཡོད་ཀྱི་བསྐོ་འཐེན་གྲོས་གཞིར་གྲོས་ཞིབ་བྱེད་པ་སོགས་འདུས།

ཨུ་ཡོན་ཀྲང་གྲོས་ཚོགས་ནས་གྲོས་ཞིབ་བྱས་ཏེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱལ་དབང་རྒྱུ་ནོར་དོ་དམ་གནས་ཚུལ་གྱི་ལྟ་རྟོག་བྱ་བའི་ལོ་ལྔའི་འཆར་འགོད་ལ་གྲོས་འཆམ་བྱུང་། ཨུ་ཡོན་ཀྲང་གྲོས་ཚོགས་སྟེང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ལིའུ་ཆི་ཡིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་འཆར་ཟིན་དང་ཉིན་རིམ་བཀོད་སྒྲིག་སོགས་སྙན་ཞུ་བྱས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། རྒྱལ་ཡོངས་དམངས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་བྱ་བའི་ཨུ་ཡོན་ལྷན་ཁང་བཅས་ཀྱི་འགན་ཁུར་བས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་འབྲེལ་ཡོད་གྲོས་གཞི་སྙན་ཞུ་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།