ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་དུ་པ་ཞིའི་ངལ་རྩོལ་བཟོ་བའི་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཧྥིན་ཐ་ནཱ་ཡིས་ཁྲིད་པའི་པ་ཞིའི་མཐོ་རིམ་ལས་བྱེད་པའི་རྟོག་ཞིབ་ཚོགས་པར་ཐུག་འཕྲད་བྱས།
ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་་གི་ཚབ་བྱས་ཏེ་ཧྥིན་ཐ་ནཱ་སོགས་ལ་དགའ་བསུ་ཞུས་པར་མ་ཟད། མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོབ། དམངས་ཚིས་ལེགས་བཅོས་སོགས་ཕྱོགས་ཀྱི་གནས་ཚུལ་མཚམས་སྦྱོར་མདོར་བསྡུས་བྱས། ཁོས་བསྟན་དོན། དེང་སྐབས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གོང་འོག་ཀུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ཧུར་ཐག་གིས་བསྐྲུན་པ་དང་། ཐོན་ལས་ཀྱི་གནས་བཞི་མྱུར་དུ་འཛུགས་སྐྲུན་བྱེད་པ། ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྒྱ་ཧུར་ཐག་གིས་ཆེ་རུ་བསྐྱེད་པ་བཅས་བྱེད་བཞིན་ཡོད། ང་ཚོས་པ་ཞིའི་ས་གནས་བར་དུ་སྐྱེ་ཁམས་སྲུང་སྐྱོབ་དང་། དཔལ་འབྱོར་ཉོ་ཚོང་འགྲོ་འོང་། མི་ཆོས་བརྗེ་རེས་སོགས་ཕྱོགས་ནས་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་མཉམ་ལས་བྱེད་འདོད་ཡོད།
ཧྥིན་ཐ་ནཱ་ཡིས་སྐྱེ་ཁམས་སྲུང་སྐྱོབ་དང་ཁྱད་ལྡན་ཐོན་ལས། རིག་གནས་བརྗེ་རེས་སོགས་ཕྱོགས་ནས་མཚོ་སྔོན་བར་དུ་དངོས་གཉེར་མཉམ་ལས་བྱེད་འདོད་ཡོད་ཅེས་བསྟན།
ཝང་ཧེ་ཧུང་ཐུག་འཕྲད་ལ་ཞུགས།