ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་འཛུགས་སྐྲུན་སྤུས་འདེགས་སྐུལ་སྤེལ་ཚོགས་འདུ་དང་འཚོ་བའི་གད་སྙིགས་བཅོས་སྐྱོང་ཡུལ་དངོས་ཚོགས་འདུ་བསྡུས།
2023.06.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན་ནས་བཅུ་དྲུག་ཉིན་བར། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་འཛུགས་སྐྲུན་སྤུས་འདེགས་སྐུལ་སྤེལ་ཚོགས་འདུ་དང་འཚོ་བའི་གད་སྙིགས་བཅོས་སྐྱོང་ཡུལ་དངོས་ཚོགས་འདུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་བསྡུས། གྲོས་ཚོགས་ནས་ད་ལོའི་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་འཛུགས་སྐྲུན་དང་མཁར་གསེབ་ཀྱི་འཚོ་བའི་གད་སྙིགས་བཅོས་སྐྱོང་བྱ་བ་སྤེལ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། དུས་རིམ་རྗེས་མའི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་ཚོགས་འདུར་ཞུགས།

རྒྱུས་ལོན་བྱུང་བ་ལྟར་ན། ཟླ་དྲུག་པའི་ཚེས་བཅུ་ཉིན་བར་དུ། རང་ཞིང་གིས་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་དང་། གྲོང་གསེབ་དར་སྤེལ་ཚོད་ལྟའི་སྡེ་བའི་འཛུགས་སྐྲུན། ཞིང་སྡེའི་གསང་སྤྱོད་གསར་བརྗེ། རོང་འབྲོག་པའི་སྡོད་གནས་ཆ་རྐྱེན་ལེགས་བཅོས་བཟོ་སྐྲུན་སོགས་གྲོང་གསེབ་འཛུགས་སྐྲུན་གྱི་ལས་གཞི་གཙོ་བོ་ཏན་ཏིག་དང་གོ་རིམ་ལྡན་པར་སྤེལ། ཟླ་ལྔ་པའི་ཟླ་མཇུག་བར་དུ། ཞིང་ཆེན་ཡོངས་ཀྱིས་གཅིག་བསྡུས་ཀྱིས་མཁར་གྲོང་གི་ས་ཁོངས་གལ་ཆེན་དང་ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་སྡེ་བ་སོ་སོར་གྲལ་བཤེར་དག་ཐེར་བྱས། དེ་དང་མཉམ་དུ་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་རིགས་དགར་བྱ་བར་ཏན་ཏིག་གིས་སྐུལ་འདེད་བཏང་ནས། ཏང་སྲིད་ལས་ཁུངས་ཀྱིས་སྣེ་ཁྲིད་དེ་བཙན་གྱིས་རིགས་བགར་དུ་འཇུག་པ་དང་། མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་དཔེ་བསྟན་ནས་རིགས་བགར་བ། ཏང་ཡོན་ཡོངས་ཀྱིས་སྣེ་ཁྲིད་ནས་རིགས་བགར་ལ་ཟབ་ཞུགས་བྱེད་པ་བཅས་ཀྱི་སྣང་ཚུལ་བཟང་བོ་ཆགས་སུ་བཅུག

ཚོགས་འདུའི་སྔོན་ལ། ཚོགས་ཞུགས་མི་སྣས་རྐང་ཚ་རྫོང་ནས་དཀོན་ལོ་གོང་མ་སྡེ་བ་དང་། རྐང་ཚ་རྫོང་འཚོ་བའི་གད་སྙིགས་རིགས་བགར་ལྟེ་གནས་སོགས་སུ་འཚོ་བའི་གད་སྙིགས་རིགས་བགར་དང་ཐག་གཅོད་སོགས་ཀྱི་གནས་ཚུལ་ལ་ལྟ་སྐོར་བྱས་པར་མ་ཟད། ཆེད་དམིགས་སློབ་སྦྱོང་གསོ་སྦྱོང་སྤེལ་ལ། ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན་གྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་གྲོང་གསེབ་འཛུགས་སྐྲུན་མཐུན་སྦྱོར་རྐྱེན་སྲོལ་དང་གྲོང་གསེབ་འཛུགས་སྐྲུན་སྤུས་འདེགས་འགུལ་སྐྱོད་ཇུས་གཞི་འགྲེལ་ཀློག་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྲོང་གསེབ་འཛགས་སྐྲུན་དོ་དམ་མ་ལག་ཅེས་པ་ངོ་སྤྲོད་བྱས། ཅང་སུའུ་ཞིང་ཆེན་གྲོང་རྡལ་དང་གྲོང་གསེབ་འཆར་འགོད་ཇུས་འགོད་གླིང་གི་ཆེད་མཁས་པ་དང་ཐུང་ཅི་སློབ་ཆེན་གྱི་དགེ་རྒན་ཆེན་མོས་སོ་སོར་ཅང་སུའུ་ཡི་གྲོང་གསེབ་འཆར་འགོད་དང་འཛུགས་སྐྲུན་ལག་ལེན་དང་གྲོང་གསེབ་འཛུགས་སྐྲུན་ཇུས་གཞི་སྒྲིག་བཟོའི་ལག་རྩལ་མཚམས་སྦྱོར་བྱས། ཚོགས་འདུར་ཞུགས་མཁན་དག་གིས་སྔོན་ཐོན་གྱི་ཉམས་མྱོང་ལ་སློབ་སྦྱོང་བྱས་ཏེ། མཚོ་སྔོན་གྱི་ཁྱད་ལྡན་ཞིང་མཛེས་སྡུག་ཅན་གྱི་གྲོང་གསེབ་ཧུར་ཐག་གིས་འཛུགས་སྐྲུན་བྱེད་དགོས་ཞེས་བསྟན།