བསྟུད་མར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ་བཅས་གཞི་གཅིག་ཏུ་སྤེལ་ནས། དག་ཐེར་བཅོས་སྐྱོང་བྱ་བ་དམ་འཛིན་བྱས་པ་དང་། སློབ་སྦྱོང་ཐད་ཀྱི་གྲུབ་འབྲས་བརྩོན་ལེན་བྱས།
ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་གཞུང་ལུགས་སློབ་སྦྱོང་བྱེད་པའི་ཁྲོད་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པ། བྱ་བའི་ནུས་པ་མཐོར་འདེགས་གཏོང་བ། ལས་བཟོ་བར་ཞབས་འདེགས་ཞུ་བ་སོགས་དང་སྦྲེལ་ནས། བཟོ་ཚོགས་ཀྱི་དགེ་མཚན་འདོན་སྤེལ་བྱས་ལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་རོགས་འདེགས་བྱས་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བཏང་སྟེ། འབུར་ཐོན་གནད་དོན་དག་ཐེར་བཅོས་སྐྱོང་བྱེད་པ་དམ་འཛིན་བྱས། ཐོག་མ་ནས་བཟུང་སློབ་སྦྱོང་དང་བརྟག་དཔྱད་བཅོས་བསྒྱུར་བཅས་ཟུང་འབྲེལ་བྱས་པ་དང་། ལེགས་བཅོས་བྱེད་ཆོག་པའི་གནད་དོན་མྱུར་དུ་ལེགས་བཅོས་བྱས་ལ། ཏང་ཡོན་དང་ལས་བྱེད་པའི་ཆབ་སྲིད་སྟོབས་ལྡན་དུ་བསྒྱུར་བ་དང་བསམ་ཕྱོགས་ཇེ་གསལ་དུ་གཏོང་བ། སྒྲིག་ལམ་ཇེ་དམ་དུ་གཏོང་བ། སྤྱོད་ཚུལ་ཇེ་བཟང་དུ་གཏོང་བར་སྐུལ་འདེད་བཏང་སྟེ། ལས་བཟོ་བ་མང་ཚོགས་ཀྱིས་བརྗོད་དོན་སློབ་གསོའི་གྲུབ་འབྲས་མྱོང་ཚོར་བྱེད་ཐུབ་པར་བྱས།
དག་ཐེར་ལེགས་བཅོས་དང་བཅོས་སྐྱོང་བྱེད་པའི་བྱ་བའི་ཁྲོད། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་བསམ་བློ་ཇེ་བརྟན་དུ་བཏང་བ་དང་། གཞི་རིམ་ལ་ཞབས་འདེགས་ཞུ་བ་དང་ལས་བཟོ་བ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བ། ངལ་རྩོལ་དཔེ་ལེགས་ཅན་ལ་ཞབས་འདེགས་ཞུ་རྒྱུ་དེ་འགོ་ཚུགས་ས་དང་རྐང་འཛུགས་ས་རུ་བྱས་ལ། གནད་ཁེལ་ཇུས་བསྟར་དང་འབེན་ཕྱོགས་ཤུགས་འདོན་བྱས་པ་དང་། ཞབས་ཞུའི་འདྲེན་བྱེད་གསར་གཏོད་བྱས་ལ། དྲོད་ལྡན་ཞོགས་ཟས་ཀྱི་ཆེད་དོན་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་བཞི་འབུམ་གསུམ་གྲབས་གསོག་བྱས་ནས། ཟི་ལིང་གྲོང་ཁྱེར་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོགས་གྲོང་ཁྱེར་དང་ཁུལ་དྲུག་གི་ཁོར་ཡུག་གཙང་སྦྲ་བྱེད་མཁན་སྟོང་ལྔ་དང་དྲུག་བརྒྱ་གོ་གཅིག་ལ་རིན་མེད་ཞོགས་ཟས་འདོན་སྤྲོད་བྱས་པ་དང་། ཞོགས་ཟས་ཟ་ས་བརྒྱ་དང་ཉེར་བཞི་བཙུགས་ཏེ། ཁོར་ཡུག་གཙང་སྦྲ་བྱེད་མཁན་གྱི་ངལ་གསོ་དཀའ་བ་དང་ཟ་མ་བཟའ་དཀའ་བའི་གནད་དོན་དངོས་ཐག་བཅད། ཞིང་ཆེན་རིམ་པའི་ངལ་རྩོལ་དཔེ་ལེགས་ཅན་སྟོང་གཉིས་དང་སུམ་བརྒྱ་ཉེར་གཅིག་ལ་ངལ་རྩོལ་དཔེ་ལེགས་པའི་ཆེད་དོན་ཁ་གསབ་མ་དངུལ་སྒོར་བྱེ་བ་གཅིག་དང་འབུམ་ལྔ་ཁྲི་བརྒྱད་བྱིན་པ་དང་། འཚོ་བར་དཀའ་ཁག་ཡོད་པའི་ངལ་རྩོལ་དཔེ་ལེགས་ཅན་སྐོར་ཞིག་གི་ཡོང་སྒོ་དམའ་བ་དང་སྨན་རིན་མཐོ་བ། གློ་བུར་བྱུང་བའི་གནོད་འཚེ་སོགས་ཀྱི་དབང་གིས་བྱུང་བའི་དཀའ་ཁག་དང་གནོན་ཤུགས་ཇེ་ཆུང་དུ་བཏང་།
གཞི་རིམ་བཟོ་ཚོགས་ཀྱི་ལས་བྱེད་པའི་ནུས་པ་ཇེ་ཆེར་གཏོང་དགོས་པའི་གནད་དོན་ལ་ཁ་གཏད་དེ། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས2023ལོའི་མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ལས་བྱེད་པའི་གསོ་སྦྱོང་འཆར་གཞི་གཏན་འབེབས་དང་འགྲེམ་སྤེལ་བྱས་པ་དང་། ལས་བྱེད་པའི་གསོ་སྦྱོང་བྱ་བའི་ཁྲོད་ཀྱི་འབུར་ཐོན་གནད་དོན་ལ་དམིགས་ནས། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་བཟོ་ཚོགས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ཁྲོད་འབུར་ཐོན་གནད་དོན་གྱི་ཆེད་དོན་བཅོས་སྐྱོང་བྱ་བ་སྤེལ་བའི་སྐོར་གྱི་ཇུས་གཞི་གཏན་འབེབས་བྱས་པ་དང་། རྫོང་རིམ་པའི་བཟོ་ཚོགས་ཀྱི་སྟོབས་ཤུགས་མི་འདང་བའི་གནད་དོན་ལ་ཁ་གཏད་དེ། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཅན་གྱི་བཟོ་ཚོགས་ལས་བྱེད་པ་སུམ་བརྒྱ་དང་ཞེ་བཞིར་ཡང་བསྐྱར་གཅིག་འདོམས་བགོ་བཤའ་བྱས། གཞི་རིམ་གྱི་གྲོན་དངུལ་མི་འདང་བའི་གནད་དོན་ལ་དམིགས་ནས། ཆེད་དོན་སྔོན་རྩིས་ཀྱི་སྒོར་བྱེ་བ་གཅིག་དང་ས་ཡ་གཉིས་བཀོད་སྒྲིག་བྱས་ཏེ། རྫོང་རིམ་པའི་བཟོ་ཚོགས་ཀྱི་ཤུགས་སྣོན་ལོའི་ཆེད་དོན་བྱ་བར་སྐུལ་འདེད་བཏང་།
རིན་ཆེན་མཚོས་བསྒྱུར།