ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚོ་འགག་གླེང་སྟེགས་སྐབས་བཅོ་ལྔ་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
ཞི་ཅིན་ཕིང་གིས་བསྟན་དོན། མཚོ་འགག་གླེང་སྟེགས་ནི་འགྲམ་ངོགས་གཉིས་ཀྱི་ལས་རིགས་སོ་སོས་འགྲོ་འོང་རྒྱ་ཆེར་བྱེད་པར་ཡར་སྐུལ་བྱེད་པ་དང་། འགྲམ་ངོགས་གཉིས་ཀྱི་དམངས་ཁྲོད་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ཡིན། འགྲམ་ངོགས་གཉིས་ཀྱི་སྤུན་ཟླས་མཚོ་འགག་གླེང་སྟེགས་བརྒྱུད་དེ་མཛའ་མཐུན་གཏམ་གླེང་དང་མཛའ་བརྩེ་ཟབ་སྤེལ། བདེ་སྐྱིད་ཆེར་བསྐྱེད་བཅས་བྱས་པས། བར་ཐག་ཇེ་ཉེ་ནས་ཇེ་ཉེ་དང་མཛའ་བརྩེ་ཇེ་ཟབ་ནས་ཇེ་ཟབ་ཏུ་གྱུར་ཡོད། མཚོ་འགག་གླེང་སྟེགས་ཀྱིས་འགྲམ་ངོགས་གཉིས་ཀྱི་དམངས་ཁྲོད་བརྗེ་རེས་རྒྱ་བསྐྱེད་པ་དང་འགྲམ་ངོགས་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་ཟབ་སྤེལ་བྱེད་པར་རྒྱུན་ཆད་མེད་པར་སྐྱེ་སྟོབས་དང་གསོན་ཤུགས་སྣོན་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྐྱོད་ལམ་གསར་པའི་མདུན་ལྗོངས་འོད་སྟོང་ལྡན་ཞིང་། རྒྱལ་ཁབ་བཟང་བ་དང་མི་རིགས་བཟང་ན། འགྲམ་ངོགས་གཉིས་ཀྱི་སྤུན་ཟླ་ད་གཟོད་བཟང་ངེས་ཡིན། ང་ཚོས་སྔར་བཞིན་དུ་ཐའེ་ཝན་སྤུན་ཟླར་བརྩི་བཀུར་དང་གཅེས་སྐྱོང་། བདེ་སྐྱིད་བསྐྲུན་པ་བཅས་བྱ་རྒྱུ་ཡིན་ལ། འགྲམ་ངོགས་གཉིས་ཀྱི་དཔལ་འབྱོར་རིག་གནས་བརྗེ་རེས་མཉམ་ལས་ལ་བསྟུད་མར་ཡར་སྐུལ་བྱེད་པ་དང་། འགྲམ་ངོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་འདྲེས་འཕེལ་རྒྱས་ཟབ་སྤེལ་བྱེད་པ། ཀྲུང་ཧྭའི་རིག་གནས་མཉམ་དུ་དར་སྤེལ་བྱེད་པ་བཅས་བྱས་ཏེ། འགྲམ་ངོགས་གཉིས་ཀྱི་སྤུན་ཟླའི་སེམས་པ་སྔར་ལས་གཅིག་ཏུ་མཐུན་པར་ཡར་སྐུལ་བྱ་རྒྱུ་ཡིན། འགྲམ་ངོགས་གཉིས་ཀྱི་སྤུན་ཟླས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོར་མཉམ་དུ་སྟངས་འཛིན་བྱེད་པ་དང་། མི་རིགས་ཀྱི་བདེན་དོན་ཆེན་པོ་བརྟན་སྲུང་བྱས་ཏེ། འགྲམ་ངོགས་གཉིས་ཀྱི་འབྲེལ་བ་ཞི་བས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་དང་། མེས་རྒྱལ་གཅིག་གྱུར་གྱི་ལས་དོན་ཆེན་པོ་སྤེལ་བར་བྱས་རྗེས་བཞག་སྟེ། ཀྲུང་ཧྭ་མི་རིགས་ལ་ཡུན་རིང་གི་བདེ་སྐྱིད་བསྐྲུན་དགོས་པ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་གཟི་བརྗིད་མཉམ་སྤྱོད་བྱེད་དགོས།
མཚོ་འགག་གླེང་སྟེགས་སྐབས་བཅོ་ལྔ་པ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་སྒྲུབ་ཁང་དང་ཧྥུའུ་ཅན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་འགྲམ་ངོགས་གཉིས་ཀྱི་ལས་ཁུངས་དང་རྩ་འཛུགས་གྱ་གཉིས་ལ་མཉམ་འབྲེལ་བྱས་ཏེ་གཙོ་སྒྲུབ་བྱས་པ་ཡིན་ལ། བརྗོད་དོན་ནི་དམངས་ཁྲོད་བརྗེ་རེས་རྒྱ་བསྐྱེད་པ་དང་མཉམ་འདྲེས་འཕེལ་རྒྱས་ཟབ་སྤེལ་བྱེད་པ་ཞེས་པ་དེ་ཡིན་པ་དང་། ཚེས་བཅུ་བདུན་ཉིན་ཞ་མིན་ནས་གླེང་སྟེགས་ཀྱི་ཚོགས་ཆེན་བསྡུས།