མཚོ་འགག་གླེང་སྟེགས་སྐབས་བཅོ་ལྔ་པའི་ཚོགས་ཆེན་ཞ་མིན་ནས་བསྡུས་པ་དང་ཝང་ཧུའུ་ཉིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་འདོན་མཛད་པར་མ་ཟད་ཤིས་ཚིག་ཕུལ།
2023.06.18 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 25

མཚོ་འགག་གླེང་སྟེགས་སྐབས་བཅོ་ལྔ་པའི་ཚོགས་ཆེན་ཚེས་བཅུ་བདུན་ཉིན་ཞ་མིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་ཆེན་ལ་ཞུགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་འདོན་མཛད་པར་མ་ཟད་ཤིས་ཚིག་ཕུལ།

ཝང་ཧུའུ་ཉིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་འགག་གླེང་སྟེགས་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་ཆེད་དུ་རྟེན་འབྲེལ་འཕྲིན་ཡིག་བསྐུར་ནས། རྒྱལ་ཁབ་བཟང་བ་དང་མི་རིགས་བཟང་ན་འགྲམ་ངོགས་གཉིས་ཀྱི་སྤུན་ཟླ་ད་གཟོད་བཟང་བའི་གནས་ལུགས་ཆེན་པོ་རྒྱས་བཤད་མཛད་པ་དང་། འགྲམ་ངོགས་གཉིས་ཀྱི་དཔལ་འབྱོར་རིག་གནས་བརྗེ་མཉམ་ལས་ལ་མུ་མཐུད་དུ་ཡར་སྐུལ་བྱེད་པ་དང་། འགྲམ་ངོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་འདྲེས་འཕེལ་རྒྱས་ཟབ་སྤེལ་བྱེད་པ། ཐའེ་ཝན་སྤུན་ཟླར་བདེ་སྐྱིད་བསྐྲུན་པ་བཅས་ཀྱི་སྲིད་ཇུས་འདོད་བློ་མངོན་བསྒྲགས་མཛད་པ་དེས། རྒྱ་ཆེའི་ཐའེ་ཝན་སྤུན་ཟླར་བཅངས་པའི་བརྩེ་བ་ཟབ་མོ་དང་ཐུགས་ཁུར་ཆེན་པོ་ལེགས་པར་མཚོན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་མཛུབ་སྟོན་དུ་བཟུང་ནས། མགོ་རྩོམ་ས་གསར་པའི་སྟེང་དུ་མཚོ་འགག་གླེང་སྟེགས་སྔར་ལས་ལེགས་པོར་བསྒྲུབ་དགོས།

ཝང་ཧུའུ་ཉིང་གིས་བསྟན་དོན། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་རྨང་གཞི་དམངས་ཁྲོད་དུ་ཡོད་པ་དང་སྒུལ་ཤུགས་མི་དམངས་ཀྱི་སྟེང་དུ་ཡོད་ལ། བརྗེ་རེས་མཉམ་ལས་ཀྱི་གྲུབ་འབྲས་འགྲམ་ངོགས་གཉིས་ཀྱི་སྤུན་ཟླར་ཕན། ང་ཚོས་འགྲམ་ངོགས་གཉིས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། དུས་ནམ་ཡང་ཐའེ་ཝན་སྤུན་ཟླར་བརྩི་བཀུར་དང་གཅེས་སྐྱོང་། བདེ་སྐྱིད་བསྐྲུན་པ་བཅས་བྱེད་དགོས་ལ། སྤུན་ཟླའི་བརྩེ་བ་དང་བདེ་སྐྱིད་ལ་ཕན་ཞིང་། ཕན་ཚུན་གྱི་རྒྱུས་ལོན་དང་ཁས་ལེན་ལ་ཕན་པའི་དོན་དག་ཅིག་ཡིན་ཚེ། ང་ཚོས་བརྩེ་སེམས་དང་སྟོབས་ཤུགས་བཏོན་ནས་བསྒྲུབ་ངེས་པར་མ་ཟད་བཟང་བོར་བསྒྲུབ་ངེས་ཡིན། འགྲམ་ངོགས་གཉིས་ཀྱི་སྤུན་ཟླས་དུས་བསྟུན་བབ་བསྟུན་གྱིས་མི་རིགས་བསྐྱར་དར་གྱི་རླབས་ཆེན་བསྐྱར་དར་ཐད་འབད་བརྩོན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོ་སྐབས་རྒྱ་ཆེན་པོ་མཉམ་སྤྱོད་བྱེད་དགོས།

ཝང་ཧུའུ་ཉིང་གིས་བསྟན་དོན། འགྲམ་ངོགས་གཉིས་ཀྱི་འབྲེལ་ཞི་བས་གོང་འཕེལ་དུ་གཏོང་བ་ནི་ཐའེ་ཝན་མཚོ་འགག་གི་ཞི་བའི་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་ཐུན་མོང་གི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ། འགྲམ་ངོགས་གཉིས་ཀྱི་སྤུན་ཟླར་བདེ་སྐྱིད་བསྐྲུན་པ། མི་རིགས་བསྐྱར་དར་འབྱུང་བར་བྱེད་པ་བཅས་ཀྱི་ཡང་དག་པའི་བགྲོད་ལམ་ཡིན། ཐའེ་ཝན་རང་བཙན་ཞེས་པ་དེ་ནི་ཐའེ་ཝན་མཚོ་འགག་གི་ཞི་བདེ་དང་རྒྱབ་འགལ་བྱས་ཡོད་པས། ངེས་པར་དུ་ཐའེ་ཝན་རང་བཙན་ཞེས་པའི་ཁ་བྲལ་བྱ་འགུལ་དང་ཕྱིའི་སྟོབས་ཤུགས་ཀྱི་ཐེ་གཏོགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས། གོ་གཉིས་ལོའི་ཐུན་མོང་ལྟ་བ་རྒྱུན་འཁྱོངས་དང་ཐའེ་ཝན་རང་བཙན་ཞེས་པར་ངོ་རྒོལ་བྱས་ན། འགྲམ་ངོགས་གཉིས་ཀྱི་འབྲེལ་བ་ད་གཟོད་ཞི་བའི་འཕེལ་རྒྱས་ཀྱི་ཡང་དག་པའི་བགྲོད་ལམ་སྟེང་ཡང་བསྐྱར་བསྐྱོད་ཐུབ།

ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་གཞོན་པ་ཞ་ལིས་ཡན་གྱིས་ཤིས་ཚིག་འབུལ་སྐབས་བསྟན་དོན། ཀྲུང་གོ་གོ་མིན་ཏང་གིས་གོ་གཉིས་ལོའི་ཐུན་མོང་ལྟ་བ་རྒྱུན་འཁྱོངས་དང་ཐའེ་ཝན་རང་བཙན་ཞེས་པར་ངོ་རྒོལ་བྱེད་པའི་ཆབ་སྲིད་རྨང་གཞི་རྒྱུན་འཁྱོངས་བྱས་ཏེ། འགྲམ་ངོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་རིག་གནས་བརྗེ་རེས་མཉམ་ལས་བསྟུད་མར་སྤེལ་བ་དང་། ཐའེ་ཝན་མཚོ་འགག་གི་ཞི་བའི་བརྟན་འཇགས་ལ་སྲུང་སྐྱོབ་བྱས་ཏེ། འགྲམ་ངོགས་གཉིས་ཡང་བསྐྱར་ཞི་བའི་དར་རྒྱས་ཀྱི་བགྲོད་ལམ་ཆེན་པོའི་སྟེང་ལོག་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། ཐའེ་ཝན་སྤུན་ཟླའི་འཐུས་ཚབ་གཞན་དག་གིས་གཏམ་བཤད།

ཚོགས་ཆེན་མ་འཚོགས་གོང་། ཝང་ཧུའུ་ཉིང་གིས་གླེང་སྟེགས་ལ་ཞུགས་པའི་ཐའེ་ཝན་སྐུ་མགྲོན་གྱི་འཐུས་ཚབ་ལ་མཇལ་འཕྲད་གནང་བར་མ་ཟད་མཚོ་འགག་གླེང་སྟེགས་ཀྱི་ལོ་བཅོ་ལྔའི་བརྗོད་དོན་འགྲེམ་སྟོན་ལ་གཟིགས། ཧྲིན་ཡུའེ་ཡུའེ་དང་སུའུ་ཧོས་སོགས་ཐུག་འཕྲད་ལ་ཞུགས།

ཧྥུའུ་ཅན་དུ་ཡོད་སྐབས། ཝང་ཧུའུ་ཉིང་གིས་ད་དུང་ཧྥུའུ་ཀྲིག་གྲོང་ཁྱེར་གྱི་གསུམ་བརྒྱད་གཉིས་ཐིག་འཐབ་ཇུས་བཟོ་སྐྲུན་ལག་བསྟར་བྱས་ཏེ་ལོ་འཁོར་སུམ་ཅུ་ལོན་པའི་གྲུབ་འབྲས་འགྲེམ་སྟོན་དང་། ཐུན་མོང་གི་ཁྱིམ་གཞིས་དང་ཐུན་མོང་གི་བག་ཆགས་ཞེས་པའི་ཧྥུའུ་ཅན་དང་ཐའེ་ཝན་གྱི་འབྲེལ་བའི་ཡིག་ཚགས་འགྲེམ་སྟོན་ལ་གཟིགས་སྐོར་མཛད་པ་དང་། ཧྥུའུ་ཀྲིག་ཏུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཧྥུའུ་ཅན་ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པ། ཞ་མིན་སློབ་ཆེན་དུ་ཡོད་པའི་ཐའེ་ཝན་གྱི་སློབ་མ་བཅས་ལ་འཚམས་འདྲི་མཛད་པར་མ་ཟད། ཐའེ་ཝན་གྱིས་མ་དངུལ་བཏང་བའི་ཁེ་ལས་དང་ཧྥུའུ་ཀྲིག་གྲོང་ཁྱེར་གྱི་ས་ཁུལ་ཁ་ཤས་སུ་རྟོག་ཞིབ་མཛད།